མི་སེར་གྱི་སྙིང་ཉེ་བ།



    

ད་ལོ་ལོ་46ལ་སླེབས་པའི་ཨ་ནུའུ་ནི་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་གནས་ཆུང་གྲོང་ཚོའི་ཚོགས་ཆུང་བཞི་པའི་ཞིང་པ་དཀྱུས་མ་ཞིག་ཡིན་ཞིང་། ཤ་མདོག་སྨུག་ལ་དཔའ་ཆ་ཐང་བའི་སྐྱེས་པ་ཨ་ནུའུ་ཡི་སྐོར་བརྗོད་སྐབས་གྲོང་ཚོའི་རྒན་གཞོན་ཚང་མས་མཐེ་བོང་བསྒྲེངས་ནས་ཁོང་ནི་མང་ཚོགས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྣེ་ཁྲིད་བྱེད་མཁན་དང་མི་སེར་གྱི་སྙིང་ཉེ་བ་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག།

ཆུང་དུས་ནས་གནས་ཆུང་གྲོང་ཚོར་འཚར་ལོངས་བྱུང་བའི་ཨ་ནུའུ་ཡིས་གནས་ཆུང་གྲོང་ཚོ་དེ་དབུལ་པོ་ཡིན་ལུགས་གསལ་པོ་རྟོགས། སྒྱུར་བཅོས་སྒོ་དབྱེའི་དུས་འགོར་གནས་ཆུང་གྲོང་ཚོའི་གྲོང་མི་རྣམས་ཉི་མ་ཤར་སྐབས་ལས་ཀར་སྐྱོད་པ་དང་ཉི་མོ་ནུབ་སྐབས་ཕྱིར་ལོག་པའི་འཚོ་བ་སྐྱེལ་གྱི་ཡོད། གནས་ཚུལ་དེ་མཐོང་སྐབས་ཨ་ནུའུ་ཡི་སེམས་ནང་ངེས་པར་དུ་གནས་ཆུང་གྲོང་ཚོའི་གྲོང་མི་རྣམས་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་བསམ་བློ་འཁོར། 1989ལོར་ཁོང་གིས་གྲོང་ཚོ་དེའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ཨར་རྒྱག་རུ་ཁག་བཙུགས། ལོ་མང་རིང་ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཨ་ནུའུ་ནི་ལོར་ཡོང་འབབ་སྒོར་ཁྲི་30ཟིན་པའི་ཕྱུག་འགྱུར་འཇོན་ཐང་ཅན་དུ་གྱུར་བ་རེད།

ཐུད་ཞིམ་པོ་མར་གྱི་བཀའ་དྲིན་ཡིན་ཞེས་པ་ལྟར་ཨ་ནུའུ་ཡིས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་པ་དང་དུས་མཚུངས། དུས་དང་རྣམ་པ་ཀུན་ཏུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གྲོང་མི་རྣམས་ཐུན་མོང་ཐོག་ཁྱིམ་དར་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བྱེད། ཁོང་གིས་ཉམས་མྱོང་བརྒྱུད་སྤེལ་བྱེད་པ་དང་། མ་དངུལ་གཡར་བ། ལག་རྩལ་སློབ་ཁྲིད་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་གྲོང་མི་འབོར་ཆེན་ཞིག་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་རྒྱུའི་སྣེ་ཁྲིད་བྱས། ད་ཆ་གནས་ཆུང་གྲོང་ཚོར་ཕྱུག་འགྱུར་འཇོན་ཐང་ཅན་འབོར་ཆེན་ཞིག་ཐོན་པ་དང་། ཨ་ནུའུ་རང་ཉིད་ཀྱི་ཀུང་སིའི་གཞི་ཁྱོན་དང་གཉེར་སྐྱོང་སྣ་ཁའང་ཇེ་ཆེ་དང་ཇེ་མང་དུ་ཕྱིན།

མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱེད་པ་ཕུད། ཨ་ནུའུ་ཡིས་ད་དུང་དགེ་སྒྲུབ་བྱ་གཞག་ལ་དོ་ཁུར་ཆེན་པོ་བྱས་ནས་གནས་ཆུང་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད། ཁོང་གིས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བར་ལོ་ལྟར་གྲོང་ཚོ་ཨུ་ལྷན་ལ་མ་འཇོག་བྱེད་ཀྱི་ཡོད་པ་མ་ཟད། ལོ་ལྟར་གྱི“དྲུག་གཅིག”བྱིས་པའི་དུས་ཆེན་སྐབས་ཁོང་གིས་གྲོང་ཚོའི་ཕྲུ་གུ་ཚོར་དཔེ་ཁུག་དང་ཡིག་ཆས་བླུགས་སྣོད་སོགས་སློབ་སྦྱོང་ཡོ་བྱད་ཉོས་ཏེ། ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་ཤེས་ལྡན་མི་སྣ་ཞིག་ཆགས་པ་བྱ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད། 2007ལོར་ས་གནས་དེ་གའི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཕྱིར། ཁོང་གིས་ད་དུང་གྲོང་མིའི་ཁྲོད་ནས་རིག་གནས་ཆུ་ཚད་ཅུང་མཐོ་བའི་ལས་སྒུག་གཞོན་ནུ་ལེགས་འདེམས་བྱས་ཏེ་གྲོང་ཚོའི་སློབ་ཆུང་དུ་ཚབ་ཁྲིད་དགེ་རྒན་བྱེད་དུ་བཅུག་པ་དང་། ཚབ་ཁྲིད་དགེ་རྒན་གྱི་གླ་ཆ་དང་རྔན་པ་ཚང་མ་ཁོང་མི་སྒེར་གྱིས་སྤྲོད་ཀྱི་ཡོད་པ་རེད། ཁོང་གིས་ད་དུང་གྲོང་ཚོ་དེ་གའི་སློབ་ཆེན་དུ་ཚུད་པའི་སློབ་མར་ལོ་རེར་རོགས་དངུལ་སྒོར་1000སྤྲོད་ཀྱི་ཡོད་པ་རེད།       

ཨ་ནུའུ་ཡི་བྱས་རྗེས་དེ་སྤྱིར་བཏང་ཞིག་ཡིན་ཡང་ཡུན་རིང་མཐའ་འཁྱོངས་བྱེད་པ་ལས་ཁོང་གི་བླ་ན་མེད་པའི་གཤིས་རྒྱུད་མཚོན་པ་དང་། གྲོང་ཚོའི་མང་ཚོགས་ཚོར་སེམས་འགུལ་ཟབ་མོ་ཐེབས་པས་མང་ཚོགས་ཚོས་ཁོང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།