ལམ་ཆེན་གཉིས་ཀྱི་སྣོལ་མཚམས་ལས་འབྱོར་འབྲིང་ཕྱོགས་སུ་བསྙེགས་པའི་ནག་ཆུ་གྲོང་རྡལ།

ངབ.jpg

གསེར་གཙོད་ཀུན་འཛོམས་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་གི་འགན་འཁུར་བ་ཀུན་ཆོས་ཀྱིས་ཞོ་ཐུམ་རྒྱག་བཞིན་ཡོད་པ།

མཚོ་བོད་ས་མཐོར་ལམ་ཐག་རིང་ཚད་སྤྱི་ལེ་2000ལ་ཉེ་བའི་མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་ནི་དཀར་གཙང་མཇལ་དར་རིང་མོ་ཞིག་དང་མཚུངས་པར། བོད་ལྗོངས་དང་མེས་རྒྱལ་ནང་ས་སྦྲེལ་ནས་གནས། གདང་ལ་བརྒྱབ་རྗེས“འཕར་རྩ་ཆེ་མོ”སྣོལ་མཚམས་ཏེ། ནག་ཆུ་གྲོང་རྡལ་དུ་འབྱོར་གྱི་ཡོད།

1992ལོར་ནག་ཆུ་གྲོང་རྡལ་ཆུས་ནས་གྲོང་རྡལ་དུ་བསྒྱུར་བ་དང་། 2004ལོར་ཡུལ་མི་ཨུ་ལྷན་7དང་གྲོང་ཚོ་རིམ་པའི་སྲིད་འཛིན་ཁུལ་28དུ་ཕྱེ་བ་རེད། ནག་ཆུ་བ་རྒན་གྲས་ཤིག་གིས་ཕྱིར་དྲན་བྱེད་བཞིན“དུས་རབས་གོང་མའི་ལོ་རབས་དྲུག་ཅུར། ནག་ཆུ་གྲོང་རྡལ་དུ་ས་རྡོའི་ཁང་པ་དང་སྦྲ་གུར་འགའ་ལས་མེད། སྐབས་དེ་དུས་ནག་ཆུ་བ་ཚོས་ད་དུང་སྔོ་ཚལ་སོས་པ་མཐོང་དཀའ”ཞེས་བཤད་བྱུང་།

ཡིན་ནའང་ད་ཆ་ནག་ཆུ་གྲོང་རྡལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་སྟེ། འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ནས། དུས་གང་རུང་དུ་མེས་རྒྱལ་ནང་སའི་ས་ཕྱོགས་ཁག་ལ་བསྐྱོད་ཆོག་པས། ནག་ཆུར་ཡོང་མཁན་མང་དུ་ཕྱིན་པ་དང་གང་སར་གསོན་ཤུགས་དང་སྐྱེ་སྟོབས་ཀྱིས་ཁེངས་ནས་ཡོད།

སྟབས་བདེ་བའི་འགྲིམ་འགྲུལ་ཆ་རྐྱེན་ལ་བརྟེན་ནས་འབྲོག་ལས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་བཏོད་པ།

སྔོན་ཆད་ནག་ཆུ་ས་ཐག་རིང་ཞིང་། བོད་རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་ཐང་བོད་གནའ་ལམ་གྱི་ས་ཚིགས་ཤིག་གི་ངོས་ནས་གང་སར་སྐད་གྲགས་ཆོད་མོད། འོན་ཀྱང་སྐྱེལ་འདྲེན་རྟ་དྲེལ་དང་ཞིང་འབྲོག་པའི་རྐང་པ་གཉིས་ལ་བརྟེན་དགོས་པས། ནག་ཆུ་ནས་ལྷ་སར་སྐྱོད་སྐབས་ལམ་བར་དུ་དཀའ་ཚེགས་ཧ་ཅང་ཆེ་བའི་ཁར། ལམ་ཐག་ཤིན་ཏུ་རིང་།

མཚོ་བོད་གཞུང་ལམ་བསྐྲུན་པ་དང་ལྷག་དོན་དུ་མཚོ་བོད་ལྕགས་ལམ་བསྐྲུན་རྗེས། ནག་ཆུ་ནས་ལྷ་ས་བར་ཆུ་ཚོད་3ལས་མི་འགོར་བས། ཡུལ་སྐོར་བ་མང་པོ་ཞིག་གིས་མུ་མེད་རྩྭ་ཐང་གི་མཛེས་ལྗོངས་མྱོང་རོལ་བྱེད་ཁོམ་མེད་པར་ཕོ་བྲང་པོ་ཏ་ལའི་འདབས་སུ་འབྱོར་གྱི་འདུག་ཅེས་ཤོད་པ་ལས། ལྷ་ས་དང་ནག་ཆུའི་བར་ཐག་ཉེ་པོ་ཡོད་པ་རྟོགས་ཐུབ།

“འཕར་རྩྭ་ཆེ་མོ་གཉིས”ཏེ་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེ་ཐོག་ནས་ནག་ཆུ་གྲོང་རྡལ་གྱི་འབྲོག་པའི་སྲོལ་རྒྱུན་འཚོ་བ་ལ་འགྱུར་ལྡོག་ཕྱིན། ཁོ་ཚོས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་བཞིན་པའི་དུས་སྐབས་ཀྱི་འཕེལ་ཕྱོགས་དང་ཉིན་རེ་ལས་ཉིན་རེ་མ་བསྡད་པར་དར་རྒྱས་འགྲོ་བཞིན་པའི་ཁྲོམ་རའི་དཔལ་འབྱོར་ནང་མཉམ་འདྲེས་ཐུབ་པ་བྱས་ནས། རང་གི་མི་ཚེའི་རིན་ཐང་མངོན་འགྱུར་དང་རང་གི་ཕུགས་འདུན་དོན་གཉེར་གྱིས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་བཞིན་མཆིས།

ད་ཆ་ནག་ཆུ་གྲོང་རྡལ་དེ་ཉིད་རིམ་གྱིས་བོད་ཀྱི་འབྲོག་ཟོག་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་ཤིག་ཏུ་འགྱུར་བཞིན་ཡོད་པ་དང་། ཁུལ་དེའི་འབྲོག་པ་མང་ཚོགས་ཚོའི་འབྲོག་ཟོག་དག་སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཆེ་མོའི་ཁྲོད་གང་མགྱོགས་ཁྲོམ་ར་དང་འབྲེལ་མཐུད་ཐུབ་ཡོད།

“འབྲིའི་འོ་མ་ལྷག་འཕྲོ་རྣམས་གཞུང་ལམ་ཟུར་དུ་ཕྱིར་ཚོང་བྱེད་པ་དང་། བཙོངས་མ་ཚར་བ་རྣམས་གཤོ་ཡི་ཡོད”ཅེས་ནག་ཆུ་གྲོང་རྡལ་གྲོང་ཚོ་16པའི་མགོན་ཚེས་བློ་ཕམ་སྐྱེ་བཞིན་མཚོ་བོད་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་གི་འབྲོག་ཟོག་ཕྱིར་ཚོང་གི་རྣམ་པ་གླེང་བྱུང་། སྐབས་དེ་དུས་ཐར་ཐོར་རྣམ་པའི་རང་མཁོ་རང་སྒྲུབ་ཀྱི་གཉེར་སྐྱོང་བྱེད་སྟངས་དང་འགྲིམ་འགྲུལ་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས། འབྲོག་པའི་འབྲིའི་འོ་མ་དང་། འབྲི་ཞོ། ནོར་ལུག་གི་ཤ ཕྱུ་ར་བཅས་ཐག་རིང་ས་ཁུལ་དུ་འཚོང་ཐབས་མེད་སྟབས། ཐོན་ཁུངས་ཕུན་སུམ་ཚོགས་ཀྱང་འཚོ་བ་སྐྱོ་པོ་བསྐྱལ་ནས་བསྡད་རྒྱུ་རེད་ཅེས་དེ་དུས་ཀྱི་ནག་ཆུའི་འབྲོག་པ་ཚོས་རང་གི་རང་ལ་ཟུར་ཟ་དེ་འདྲ་བྱེད་ཀྱི་ཡོད།

མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་རྗེས། ནག་ཆུ་གྲོང་རྡལ་གྱིས་འབྲོག་ཟོག་གསར་སྤེལ་ཐབས་ལམ་འཚོལ་ཞིབ་ཀྱིས། ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད་པ་རེད།

2009ལོར་ནག་ཆུ་གྲོང་རྡལ་གྱི་དཀར་ཆུའི་ཐོན་རྫས་དང་། རྡོ་གཤོག་རུ་ཁག ཚགས་ཤ་ལས་སྣོན་སོགས་རྣམ་པ་སྣ་ཚོགས་ཀྱི་མཉམ་ལས་ཁང་ཆར་རྗེས་མྱུ་གུ་བཞིན་ཐོན་ཏེ་ཁ་ཐོར་དུ་གནས་པའི་འབྲོག་དུད་མང་པོ་གཅིག་སྡུད་ཐུབ་ཡོད།

ནག་ཆུ་གྲོང་རྡལ་གྱི་ཀྲེན་ཀྲང་ཚེ་དབང་རྡོ་རྗེས་མཉམ་ལས་ཁང་འཛུགས་པའི་མ་དངུལ་གྱི་90%རྒྱལ་ཁབ་ཀྱིས་བཏང་བ་དང་། 10%གྲོང་མིས་རང་གྲབས་བྱས་པ་རེད། ཞིང་འབྲོག་པའི་མཉམ་ལས་ཁང་ཚང་མར་བཅའ་ཁྲལ་རྩ་ཆག་བཏང་བས། ཡོང་འབབ་མཉམ་སྡེབ་ལ་གཅིག་འདོམས་ངང་བགོས་པ་དང་། སྤྱིར་བཏང་གྲོང་མིས་མ་རྐང་འཇོག་པ་དང་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་རྒྱག་པའི་རྣམ་པའི་ཐོག་ནས་འབྲོག་པའི་ཧུར་སེམས་འཕེལ་བར་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།

འབྲོག་པ་ཚོའི་ཚོང་ཟོག་གི་འདུ་ཤེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ།

ནག་ཆུ་གྲོང་རྡལ་གྱི་འབྲོག་པ་ཚོར་མཉམ་ལས་ཁང་གི་ཁེ་འབབ་བྱུང་ཡོད།

གསེར་གཙོད་ཀུན་འཛོམས་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་ལ་ནག་ཆུ་གྲོང་རྡལ་དུ་སྐད་གྲགས་ཅུང་ཆེ་ཙམ་ཡོད་པ་དང་། མཉམ་ལས་ཁང་དེའི་འགན་འཁུར་བ་ནི་གྲོང་ཚོ་16པའི་སྐྱེས་མ་འཇོན་ཐང་ཅན་ཀུན་ཆོས་རེད།

གྲོང་ཚོའི་བུད་མེད་ཀྲུའུ་རེན་ལོ་དགུ་བྱེད་མྱོང་བའི་ཀུན་ཆོས་ཀྱིས་མཉམ་ལས་ཁང་གི་སྐོར་གླེང་སྐབས། དཔལ་འབྱོར་བསམ་ཕྱོགས་གསལ་བ་དང་། བཤད་པ་ཚང་མ་གནས་ལུགས་ལྡན་པ་ཤ་སྟག་རེད། ཁོང་གིས“ང་ཚོའི་མཉམ་ལས་ཁང་གིས་འབྲོག་དུད་30དེའི་ནང་མ་རྐང་འཇོག་ཏུ་བཅུག་ནས། ཁོང་ཚོས་སྤུས་ཚད་བློས་འགེལ་ཆོག་པའི་འོ་མ་དང་མར་སོགས་མཁོ་འདོན་བྱེད་པ་དང་། དེ་ནས་ང་ཚོས་ཉོ་སྒྲུབ་བྱས་རྗེས། དེ་དག་གཅིག་གྱུར་ཐོག་ཞོ་བཟོས་ནས་འཚོང་གི་ཡོད”ཅེས་བཤད་བྱུང་། ཞོ་སྤྱི་རྒྱ་ལྔ་རེ་ཀུར་ཙེའི་ནང་བླུགས་པ་དང་། དེ་ནས་ཆེད་མངགས་བཟོས་པའི་ཤོག་སྒམ་དུ་བླུགས་པ་གསར་འགོད་པས་མཐོང་བྱུང་། ཤོག་སྒམ་ནི་ལྷ་ས་ནས་བཟོས་པ་ཡིན་ཞིང་། དེའི་ངོས་སུ“གསེར་གཙོད་ཀུན་འཛོམས”ཞེས་པའི་ཚོང་རྟགས་འཁོད་ཡོད།

“ང་ཚོའི་ཞོ་ཧ་ཅང་བྲིན་པོ་འདུག ད་ཆ་ཟླ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་འདུག བསྐྱལ་བའི་འོ་མར་དང་ཐོག་ཆུ་འདྲེས་ཡོད་མེད་དང་རྫུན་མ་ཡིན་མིན་ཐད་ཞིབ་བཤེར་ནན་པོ་བྱེད་དགོས། འོ་མའི་སྤུས་ཚད་བློས་འགེལ་ཆོག་པ་ཡིན་ན། གཞི་ནས་ཞོ་བཟོ་ཡི་ཡོད། ཁེ་ཕན་ཆུང་ཆུང་ལ་དམིགས་ནས་རང་ཉིད་ཀྱི་ཚོང་རྟགས་ཀྱི་མཚན་སྙན་འཛད་མི་རུང”ཞེས་ཀུན་ཆོས་ཀྱིས་བཤད། ཁོང་གིས་འོ་མའི་སྤུས་ཚད་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། སྤུས་ཚད་བློས་འགེལ་ཆོག་པ་ནི་ཁྲོམ་རའི་གདེང་འཇོག་ཐོབ་པའི་འགག་རྩ་ཡིན་པ་ཁོང་གིས་གསལ་པོ་ཤེས་ཀྱི་ཡོད།

ནག་ཆུ་གྲོང་རྡལ་གྱི་ཁྲོམ་ར་འཁྲུག་ཤོས་སུ་ཚོང་ཁང་ཞིག་གཡར་བས། གསེར་གཙོད་ཀུན་འཛོམས་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་ལ་རང་ཉིད་ཀྱི་ཆེད་ཚོང་ས་ཚིགས་ཡོད། དུས་ཆེན་སྐབས་ཁོང་ཚོའི་ཞོ་ནི་སྤུན་མཆེད་དང་གཉེན་ཉེར་སྤྲོད་པའི་ལག་རྟགས་ཡག་ཤོས་ཤིག་ཡིན་པས། ཉིན་གཅིག་ལ་མང་ཤོས་ཤོག་སྒམ་བརྒྱ་ལྷག་ཙམ་བྲིན་གྱི་ཡོད།

ད་ཆ་ནག་ཆུ་གྲོང་རྡལ་དུ་དཔལ་འབྱོར་མཉམ་ལས་ཁང་42ཡོད་པ་དེ་དག་གི་ལོའི་ཡོང་འབབ་ཉུང་མཐར་ཡང་སྒོར་ཁྲི་བཅུ་ལྷག་ཙམ་ཟིན་པ་དང་། མང་ན་སྒོར་ཁྲི་བརྒྱ་ཟིན་པའི་ཐོག མཉམ་ལས་ཁང་གི་དཔལ་འབྱོར་ཡོང་འབབ་དེས་མི་སེར་གྱི་ཡོང་འབབ་ཀྱི་30%ཡན་ཟིན་གྱི་ཡོད། ཐར་ཐོར་ནས་གཅིག་སྡུད་ཀྱི་ཕྱོགས་སུ་བསྒྱུར་བས། ཚོང་ཟོག་གི་ཐོན་སྐྱེད་སྐྱེལ་འདྲེན་གྱི་མ་གནས་དམའ་རུ་ཕྱིན་པ་མ་ཟད། འབྲོག་པ་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་ཕྱིན་པ་དང་། རིམ་བཞིན་ཚང་མའི་ཚོང་ཟོག་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད།

ང་ཚོ་གསེར་གཙོད་ཀུན་འཛོམས་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་གི་འགན་འཁུར་མི་སྣ་ཀུན་ཆོས་དང་ཐུག་སྐབས། དང་ཐོག་མིང་བྱང་ཞིག་སྤྲད་བྱུང་། མིང་བྱང་དེའི་ཐོག་ཚོང་རྟགས་དང་འབྲེལ་གཏུག་བྱེད་སྟངས་ཕུད། བོད་ཡིག་གི་བརྡ་ཁྱབ་ཚིག་ཧ་ཅང་ཡག་པོ་ཞིག་བྲིས་འདུག་སྟེ། “བཅུད་ལྡན་འབྲིའི་འོ་མ་དང་། འབྲི་ཞོ། རྩྭ་ཐང་སྙིང་བཅུད་ལ་ལ་དང་ཕྱུ་ར་ལོངས་སུ་སྤྱོད་མཁན་ནི་བསོད་ནམས་ཆེ་བའི་མི་ཤ་སྟག་ཡིན”ཞེས་འཁོད་ཡོད་པ་རེད།

ང་ཚོའི་ཧང་སངས་པའི་རྣམ་འགྱུར་ལ་ལྟ་བཞིན་ཀུན་ཆོས་ཀྱིས“ང་ཚོ་འབྲོག་པས་ཁྲོམ་རའི་དཔལ་འབྱོར་ཤེས་ཀྱི་མ་རེད་མ་སྙམ། བརྡ་ཁྱབ་གཏོང་བ་དང་། མིང་བྱང་བཟོ་བ། སྤུས་རྟགས་གསར་གཏོད། ཐོན་རྫས་ཐུམ་རྒྱག་བཅས་ནི་དེང་སྐབས་འབྲོག་ཟོག་ཐོན་རྫས་གཉེར་སྐྱོང་བྱེད་མཁན་འབྲོག་པའི་རྒྱུན་སྤྱོད་བྱ་ཐབས་ཤིག་ཡིན། ང་ཚོས་ད་དུང་སྐད་འཕྲིན་དང་དྲ་རྒྱ་སོགས་ནས་འཚོང་རྩིས་ཡོད”ཅེས་བཤད་བྱུང་།

“ཕྱོགས་གཅིག་གི་ས་ཆུ་བསྲུངས་ཏེ་ཉི་མ་ཤར་སྐབས་ཕྱུགས་འཚོ་བ་དང་ཉི་མ་ནུབ་སྐབས་ངལ་གསོ་བ་ལས། ཁྲོམ་རའི་དགོས་མཁོར་དོ་ཁུར་མི་བྱེད་པ་ནི་ལོ་མང་པོའི་གོང་གི་གསར་འགྱུར་རྙིང་པ་ཡིན་པ་དང་། ད་ཆ་འབྲོག་པའི་བསམ་བློར་འགྱུར་ལྡོག་ཆེན་པོ་ཕྱིན་ནས། ཁྱེད་ཚོ་ལྷ་ས་བ་ལས་ཀྱང་སྤྱང་གྲུང་དོད་པ་ཡོད”ཅེས་ཀུན་ཆོས་ཀྱིས་སྤོབས་པ་ཆེན་པོའི་ངང་བཤད།

1990ལོར་ཀུན་ཆོས་ནག་ཆུ་ས་ཁུལ་གྱིས“ཀུན་སྤྱོད་དཔེ་བཟང་དང་ཁྲིམས་སྦྱོང་སྔོན་ཐོན་དཔེ་མཚོན”ལ་བདམས་པ་དང་། 2000ལོར་ཁོང་ནག་ཆུ་རྫོང་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས། ཁོང་གིས་ཚོང་རྒྱག་པར་ཁྲིམས་ཤེས་པ་དགོས། ཏང་གི་འཐུས་མིའི་ཚོགས་ཆེན་ཐོག་ངས་ཆེད་མངགས་གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་བྱང་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་གཏམ་བཤད་བྱས་པ་དེ་ནི་བོད་རྙིང་པའི་སྐབས་བསམ་མི་ཕོད་པའི་བྱ་བ་ཞིག་རེད་ཅེས་བཤད།

“འབྲོག་པའི་ཁྲིམས་ལུགས་འདུ་ཤེས་དང་སྲིད་ཞུགས་འདུ་ཤེས་ཇེ་ཟབ་ཏུ་འགྲོ་བ་མཐོང་སྐབས། ང་ཚོ་ཧ་ཅང་དགའ་པོ་བྱུང”ལོ་རབས་བརྒྱད་ཅུ་པའི་རྗེས་སུ་སྐྱེས་པའི་ན་གཞོན་ཀྲེན་ཀྲང་ཚེ་དབང་རྡོ་རྗེར་མྱོང་ཚོར་ཟབ་མོ་བྱུང་ཡོད། 2014ལོར་ནག་ཆུ་གྲོང་རྡལ་དུ་སྐབས་གསར་པའི་གྲོང་ཚོ་ཨུ་ལྷན་གྱི་སྐབས་བརྗེའི་འདེམས་བསྐོ་བྱས་པ་དང་རྒྱ་ཆེའི་འབྲོག་པར་སྤྲོ་སེམས་ཆེན་པོ་ཡོད་པ་དེ་ཁོང་གི་དྲན་ཤེས་ཟབ་ཤོས་ཡིན་ཞིང་། “སྤྱི་ཚོགས་དོ་དམ་ནང་ཞུགས་པ་དང་། རང་ངོས་ཀྱི་འདོད་འདུན་གླེང་བ། ཁེ་དབང་སྲུང་སྐྱོབ་ཀྱི་ཞུ་གཏུག་བྱེད་པ་ལ་སོགས་དུས་རབས་གསར་པས་ང་ཚོ་འབྲོག་པར་ཡངས་པའི་སྟེགས་བུ་མཁོ་འདོན་བྱས་ཡོད”

འདུ་ཤེས་འགྱུར་ལྡོག་བཏང་བས་དཔལ་འབྱོར་ཕན་འབྲས་ཆེན་པོ་བྱུང་བ།

བདག་པོའི་འདུ་ཤེས་ཇེ་ཟབ་ཏུ་འགྲོ་བ་དང་སྦྲགས། རྒྱ་ཆེའི་འབྲོག་པའི་བསམ་བློའི་འདུ་ཤེས་ཀྱང་འགྱུར་ལྡོག་བྱུང་ཡོད།

ཉེ་ཆར“ཟངས་རི་སྒྲོལ་མའི་ཁྱིམ་གྱིས་རང་མོས་ངང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ནས་དོན་པ་རེད” གནས་ཚུལ་དེ་བདེ་སྐྱིད་གྲོང་མི་ཨུ་ལྷན་དུ་ཁྱབ་པ་དང་ཚང་མས་དེའི་སྐོར་གླེང་གི་ཡོད།

སྔོན་ཆད་ནག་ཆུ་གྲོང་རྡལ་གྱི་འབྲོག་པ་མི་ཉུང་བ་ཞིག་གིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་མིང་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་ཀྱིས་རང་ཉིད་ལ་དངུལ་སྤྲད་ཚེ་ཡག་ཤོས་ཡིན་པའི་ངོས་འཛིན་གྱི་ཡོད། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ནས་རང་འགུལ་ངང་དོན་པ་དེ་ནག་ཆུ་གྲོང་རྡལ་དུ་ཐོག་མ་རེད།

ཟངས་རི་སྒྲོལ་མ་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ནས་དོན་པའི་བྱེད་སྟངས་དེར་མི་ལ་ལས་དོགས་པ་བྱེད་ཀྱི་ཡོད་ཅིང་། ཀྲེན་ཀྲང་གཞོན་པ་ཉི་སྒྲོན་གྱིས་མི་དེ་དག་ལ“ཟངས་རི་སྒྲོལ་མ་རང་ཉིད་ལ་དངུལ་གསོག་པའི་འཇོན་ཐང་ཡོད་སྟབས། མ་མཐའི་འཚོ་བ་འགན་ལེན་བྱེད་མི་དགོས་པ་དེ་ཡག་པོ་མ་རེད་དམ། ཁྱེད་ཚོས་ཁོང་ལ་སློབ་སྦྱོང་བྱེད་དགོས”ཞེས་འགྲེལ་བཤད་བརྒྱབ།

ཉི་སྒྲོན་གྱིས“ཟངས་རི་སྒྲོལ་མའི་བྱ་སྤྱོད་ལས་ཚང་མར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་བྱས་ཚེ། ཐབས་ལམ་ཡང་དག་ཅིག་ཡིན་པའི་དྲན་སྐུལ་བྱས་ཡོད། ལོ་དེ་དག་ནང་ང་ཚོས་བཅོས་སྒྲིག་ལས་དོན་མི་ཉུང་བ་ཞིག་སྤེལ་ནས། མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་དེ་དགོས་མཁོ་ཆེ་ཤོས་ཡོད་མཁན་ལ་སྤྲད་པ་དང་། ཟངས་རི་སྒྲོལ་མས་ཚང་མར་མིག་དཔེ་ཡག་པོ་བསྟན་ཡོད”ཅེས་བཤད།

“ལས་ཀ་བྱེད་འདོད་ཡོད་ཚེ་ད་ལྟ་དུས་སྐབས་ཧ་ཅང་བཟང་པོ་ཡོད” ཉི་སྒྲོན་གྱི་སེམས་དབུས་ནས་མང་ཚོགས་ཀྱི་འཚོ་བ་ཡག་ཏུ་ཕྱིན་པ་མཐོང་འདོད་ཆེན་པོ་བྱེད།

ཁོང་གིས“ཁྱེད་རང་གཟིགས་དང་། གཞིས་ནིང་ནས་བཟུང་ང་ཚོའི་གྲོང་རྡལ་ཁོངས་གཏོགས་ཀྱི་གྲོང་ཚོ་ཁ་ཤས་ཀྱིས་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྤྱད་ནས། ཕྱུགས་ཚང་བརྒྱབ་པ་དང་ཕྱུགས་ཟོག་དུས་ཐུང་རྒྱགས་གསོ་བྱས་ཏེ། བཤས་གཏོང་ཚད་མཐོ་རུ་བཏང་བས་མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་འཕར་ཡོད། ད་དུང་ཆར་དུས་ཤར་སྐབས་ཤ་མོ་འཐུ་རྒྱུ་ཡོད། ན་ནིང་བོད་སྐྱོར་མ་དངུལ་གྱིས་རོགས་སྐྱོར་བྱས་པའི་སེར་ཤ་ལས་སྣོན་བཟོ་གྲྭ་ལས་འགོ་ཚུགས་པ་དང་། ཕན་འབྲས་ཡག་པོ་ཡོད་ལ། ཤ་མོ་དེ་དག་ཐད་ཀར་ནང་སའི་ཁྲོམ་རར་ཕྱིར་ཚོང་བྱས་སྟབས། དགའ་བསུ་ཆེན་པོ་ཐོབ་ཡོད། ད་དུང་རྡོ་གཤོག་ར་བ་དང་བྱེ་ར་སོགས་ཁེ་ལས་བཙུགས་ཡོད”ཅེས་བཤད།

ད་ཆ་ནི་སྔོན་ཆད་དང་མི་འདྲ་བར། སྲོལ་རྒྱུན་གྱི་འབྲོག་ཁུལ་དུ་འབྲོག་པས་ནོར་ལུག་དེ་དག་རྒྱུ་ནོར་གྱི་མཚོན་རྟགས་སུ་བྱེད་པ་དང་། བཤས་རྒྱུར་འཛེམས་པ། འཚོང་རྒྱུར་ཕངས་པ་སོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། ཕྱུགས་ཟོག་གསར་བརྗེ་བྱེད་མགྱོགས་སུ་གཏོང་བ་དང་། ཕྱུགས་ཟོག་ཐོན་རྫས་ཉོ་ཚོང་བྱེད་པ། ཙག་ཙིག་ཚོང་ཁང་འཛུགས་པ་ལ་སོགས་འབྲོག་པར་རང་ཉིད་ཀྱི་དོན་གཉེར་བྱེད་ས་དང་ཁ་ཕྱོགས་གསར་པ་ཡོད།

བཅར་འདྲི་བྱེད་རིང་། ང་ཚོས་ནག་ཆུ་གྲོང་རྡལ་གྱི་བུད་མེད་ཁེ་ལས་མཁས་ཅན་དང་། བུད་མེད་མི་དམངས་ཉེན་རྟོག་པ། བུད་མེད་གསར་འགོད་པ། བུད་མེད་ཀྲེན་ཀྲང་བཅས་དང་འབྲེལ་གཏུག་བྱས་པ་ཡིན། སྔོན་ཆད་ནག་ཆུའི་འབྲོག་མོས་སྐྱེས་པར་བརྟེན་ནས་སྡོད་པ་དང་། གནམ་ས་ཇི་ཙམ་རྒྱ་ཆེ་ཡང་ཁོང་ཚོར་ཤེས་རྟོགས་བྱེད་པའི་གོ་སྐབས་མེད་སྙམ་མོད། ད་ཆ་ང་ཚོས་ཁོང་ཚོའི་གདེང་ཚོད་ཆེ་བའི་འཛུམ་མདངས་ལས། བདེ་སྐྱིད་ལྡན་པ་དང་ཡར་ཐོན་གྱི་ཉམས་འགྱུར་ཞིག་མྱོང་ཚོར་ཐུབ་བྱུང་། ནག་ཆུ་གྲོང་རྡལ་གྱིས་མཆོང་སྐྱོད་ངང་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་གཏམ་རྒྱུད་གསར་རྐྱང་ཞིག་རྩོམ་བཞིན་མཆིས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།