ཞོག་ཁོག་བཙོངས་ནས་ཕྱུག་འགྱུར་ཐབས་ལམ་བཙལ།


 

ད་ལོ་ལོ་36ལ་སླེབས་པའི་བཀྲ་ཤིས་ནི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་ལབ་བརྩོན་གྲོང་ཚོའི་གྲོང་མི་ཡིན་ཞིང་། སློབ་ཆུང་ལོ་རིམ་བཞི་པ་ལས་འགྲོ་མྱོང་མེད་པའི་ཞིང་པ་དེ་ད་ཆ་ལོར་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་ཡོད་པའི་ཞིང་པའི་གཉེར་སྐྱོང་བ་ཞིག་ཡིན་པ་དང་། ཁོང་གིས་ལབ་བརྩོན་གྲོང་ཚོའི་དུད་ཚང་དབུལ་པོ་བཅུ་ཕྲག་ཁ་ཤས་ཀྱི་སྣེ་ཁྲིད་དེ་ཞོག་ཁོག་ལ་བརྟེན་ནས་ཕྱུག་འགྱུར་ཡོང་ཐབས་བྱས།

བཀྲ་ཤིས་ཀྱི་ཕ་མ་གཉིས་ཀ་ཞིང་པ་ཡིན་པ་དང་འབྲུ་དང་ཞོག་ཁོག་འདེབས་འཛུགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་རེད། ཁྱིམ་ཚང་ཆ་རྐྱེན་ཞན་པའི་རྐྱེན་གྱིས་ཁོང་སློབ་ཆུང་ལོ་རིམ་བཞི་པར་སླེབས་སྐབས་སློབ་མཚམས་བཞག་ནས་པ་ཕ་དང་མཉམ་དུ་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་གཞིས་རྩེ་གྲོང་ཁྱེར་དུ་ཞོག་ཁོག་ཚོང་བར་འགྲོ་གི་ཡོད་པ་རེད།

ལོ་ཞིག་བོད་ཀྱི་ལོ་གསར་གཏོང་སྐབས། སྟེས་དབང་གིས་བརྙན་འཕྲིན་དགོང་ཚོགས་ཐོག་ནས“ཨེ་མ་སྒང་གི་ཞོག་ཁོག”སྐོར་གྱི་འཁྲབ་ཚན་ཐུང་ངུ་ཞིག་བཀྲ་ཤིས་ཀྱིས་མཐོང་བ་རེད། འཁྲབ་ཚན་ཐུང་ངུ་དེའི་ནང་གི“ད་ཆ་ང་ཚོ་ལྷ་སའི་བུད་མེད་ཚང་མས་ཨེ་མ་སྒང་གི་ཞོག་ཁོག་བཟའ་རྒྱུ་མེད་ན་ལས་ཀར་འགྲོ་འདོད་མེད་ཅེས་ཟེར་གྱི་ཡོད”ཅེས་པའི་སྐད་ཆ་དེ་ལས་བཀྲ་ཤིས་ལ་བློ་བསྐྱེད་ཆེན་པོ་བྱུང་བ་རེད།

“ཨེ་མ་སྒང་གི་ཞོག་ཁོག”འདེབས་འཛུགས་ཀྱི་ལོ་རྒྱུས་ཡུན་རིང་བ་དང“ཞོག་ཁོག་ཆེ་བ་དང་། པགས་པ་སྲབ་པ། བྲོ་བ་ཞིམ་པ”བཅས་ཀྱི་ཁྱད་ཆོས་ལས་ལྗོངས་ནང་ཁུལ་དུ་སྐད་གྲགས་ཆོད་པས། བཀྲ་ཤིས་ཀྱི་བསམ་པར་གལ་སྲིད་ཕ་ཡུལ་གྱི་ཞོག་ཁོག་ལྷ་སར་ཕྱིར་ཚོང་བྱས་ཚེ་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་ཞིག་རེད་སྙམ།

བཀྲ་ཤིས་ནི་བསམས་པ་བྱེད་ཕོད་མཁན་ཞིག་ཡིན་ཞིང་། 2007ལོར་ཁོང་གིས་ཟོག་འདྲེན་རླངས་འཁོར་ཞིག་གླས་ནས་ཞོག་ཁོག་ལྷ་སར་དབོར་ཏེ་ཞོག་ཁོག་གི་ཚོང་རྒྱག་འགོ་ཚུགས། ཁོང་གིས་ལྷ་སར་ཐོག་མར་ཞོག་ཁོག་ཚོང་སྐབས་རང་ཉིད་ཀྱིས་ཐེར་གེ་དྲུད་ནས་སྡེ་ཁུལ་ཁག་ཏུ་བསྐྱོད་དེ་གྲོང་མིར་རིན་མེད་ངང་བྲོ་བ་བལྟ་རུ་འཇུག་གི་ཡོད་པ་རེད། “སྐབས་དེར་མི་རྣམས་ལ་རིན་མེད་ངང་ཨེ་མ་སྒང་གི་ཞོག་ཁོག་བྲོ་བ་བལྟ་རུ་བཅུག་དོན་ནི་གཙོ་བོ་ཁྲོམ་ར་རག་ཆེད་ཡིན”ཞེས་བཀྲ་ཤིས་ཀྱིས་བཤད།

ད་ཆ་ཁོང་གིས་ཞོག་ཁོག་གང་བླུགས་པའི་གློག་སྒུལ་འཁོར་གསུམ་འཁོར་ལོ་ཞིག་བཏང་ནས་ལྷ་སའི་ཁྲོམ་གཞུང་གང་སར་བསྐྱོད་དེ་ཉིན་ལྟར་ཚོང་ཤག་ལ་ཞོག་ཁོག་སྐྱེལ་བར་བྲེལ།

མིག་སྔར་ཁོང་གིས་ལྷ་སར་ཨེ་མ་སྒང་གི་ཞོག་ཁོག་ཆེད་ཚོང་ཁང་ཞིག་འཛུགས་རྩིས་ཡོད་ཅིང་། “ལོ་འགའ་ཚོང་བརྒྱབ་པའི་ཉམས་མྱོང་ལས་ཆེད་ཚོང་ཁང་འཛུགས་དགོས་གལ་ཆེན་པོ་ཡོད་པ་ཤེས་བྱུང་། ཆེད་ཚོང་ཁང་ཡོད་ཚེ་ཨེ་མ་སྒང་ཞོག་ཁོག་གི་སྤུས་རྟགས་སྔར་བས་གཏོད་ཐུབ་པ་མ་ཟད། ཕྱིར་ཚོང་བྱེད་ཚད་དེ་བས་མང་དུ་འགྲོ་བ་དང་ཞབས་ཞུ་གཞི་གཅིག་ཅན་དུའང་འགྱུར་ཐུབ་པས་ཚོང་ཤག་བརྟན་པོ་ཞིག་སྒྲིག་ཐུབ”ཅེས་བཀྲ་ཤིས་ཀྱིས་ཤོད་ཀྱི་འདུག།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།