གོ་སྐབས་གསར་པ་ལས་འགྱུར་ལྡོག་གསར་པ་བྱུང་བ།

ངམམངམང.jpg

འདི་ནི་སྐྱིད་ཁང་འདེབས་འཛུགས་དང་གསོ་ཚགས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་འགན་འཁུར་བས་མང་ཚོགས་ལ་ལག་རྩལ་སློབ་བཞིན་པ།

ལོ་རེའི་ཟླ་དྲུག་པ་དང་བདུན་པ་ནི་གཙང་གསུམ་ས་གཞི་ཆེན་པོར་གནམ་གཤིས་ལེགས་ལ་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པའི་དུས་ཚིགས་ཤིག་རེད། གང་ས་གང་དུ་རྩི་ཤིང་གི་ལོ་འདབ་རྒྱས་ཤིང་འདབ་ཆགས་ཀྱིས་གཤོག་རྩལ་ངོམ་པ་དང་། ས་ཡི་འཛིན་མ་སྔོ་ལྗང་གོས་ཀྱིས་བརྒྱན་ལ། རི་ཀླུང་ཀུན་ཏུ་རི་སྐྱེས་མེ་ཏོག་རབ་ཏུ་བཞད་ཅིང་། མཚོ་མོ་དྭངས་ཤིང་རི་བོ་སྔོ་བ་བཅས་རྐྱེན་མི་རྣམས་ཞེན་ཆགས་ནས་བྲལ་་འདོད་མེད་པ་ལྟར་སྣང་།

རྒྱལ་ལམ་214རྒྱུད་དུ་གནས་པའི་དཀྱིལ་ཐང་དུ་གནམ་གཤིས་ཡག་པ་དང་། ཁོར་ཡུག་མཛེས་པ། ཐོན་ཁུངས་ཕུན་སུམ་ཚོགས་པོ་བཅས་ཡོད་པ་རེད།

ད་ལོའི་དབྱར་དུས་ཀྱི་ཉིན་ཞིག་ལ། ང་ཚོ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་བཅར་འདྲི་ཚོགས་ཆུང་དཀྱིལ་ཐང་གྲོང་རྡལ་དུ་འབྱོར་བ་མ་ཟད། དཀྱིལ་ཐང་གྲོང་རྡལ་གྱི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད་པའི་ངར་ཤུགས་ཆེན་པོ་དང་། ས་གནས་དེ་གའི་མང་ཚོགས་རྣམས་ཀྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་མྱོང་ཚོར་ཟབ་མོ་བྱུང་།

བུ་ཆུང་། ཆུས་ཀྲང་རྒན་གྲས་ཀྱི་མིག་ནང་གི་དཀྱིལ་ཐང་།

གསར་འགོད་པ་དཀྱིལ་ཐང་གྲོང་རྡལ་དཀྱིལ་ཐང་གྲོང་ལྷན་དུ་འབྱོར་སྐབས། བོད་གསར་རྙིང་བརྒྱུད་མྱོང་བའི་བུ་ཆུང་གིས་མང་ཚོགས་ཚོའི་སྣེ་ཁྲིད་དེ་བགྲོད་ལམ་ལ་གཙང་སྦྲ་བྱེད་བཞིན་འདུག མ་གཞི་ལོ་བདུན་ཅུ་ཡོལ་ནས་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ཡིན་མོད། འོན་ཀྱང་ཁོང་ནི་སྙིང་སྟོབས་ཆེ་ཞིང་སྤྲོ་སྣང་ལྡན་པ་ཞིག་ཡོད།

བུ་ཆུང་གི་སྐོར་གླེང་སྐབས་དཀྱིལ་ཐང་གྲོང་ལྷན་དུ་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། ལོ་75ལ་སླེབས་པའི་བགྲེས་སོང་ཁོང་ལས་ཀ་མེད་པར་ཁོམ་ནས་སྡོད་མི་ཐུབ་མཁན་ཞིག་ཡིན་སྟབས། མང་ཚོགས་དབར་འགལ་བ་དང་རྩོད་གཞི་གང་ཞིག་ཡོད་ཀྱང་ཁོང་བཙལ་ནས་འདུམ་འགྲིག་བྱེད་རོགས་དང་། སུ་ཞིག་ལ་དཀའ་ངལ་འཕྲད་སྐབས་ཁོང་གིས་འཕྲལ་མར་རོགས་རམ་བྱེད་ཀྱི་ཡོད་པར་བརྟེན་གྲོང་མིའི་ཁྲོད་སྙན་གྲགས་ཆེན་པོ་ལྡན།

1960ལོར་ལོ་20ལ་སླེབས་པའི་བུ་ཆུང་བོད་ཡིག་ཡག་པོ་ཡོད་སྟབས་བཙུགས་མ་ཐག་པའི་དཀྱིལ་ཐང་ཤང་གི་དྲུང་ཡིག་ལ་བདམས། 1964ལོར་ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་རྐྱེན་རྩ་འཛུགས་ཀྱིས་དཀྱིལ་ཐང་ཆུས་ཀྱི་ཆུས་ཀྲང་ལ་བསྐོ་གཞག་བྱས་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1987ལོར་ཆུས་གཏོར་ཤང་འཛུགས་བྱེད་སྐབས་གསར་དུ་བཙུགས་པའི་དཀྱིལ་ཐང་ཤང་གི་ཤང་ཀྲང་གཞོན་པའི་འགན་འཁུར་བ་དང་། 1990ལོར་གཟི་བརྗིད་ལྡན་པའི་སྒོ་ནས་ལས་འཁྱུར་ངལ་གསོ་བརྒྱབ།

དཀྱིལ་ཐང་གྲོང་རྡལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས། ཏང་ནང་ཞུགས་ནས་ལོ་51སོང་བའི་ཏང་ཡོན་རྒན་གྲས་དེས་སེམས་འགུལ་ཆེན་པོ་ཐེབས་པའི་ངང“1960ལོར། དཀྱིལ་ཐང་གྲོང་རྡལ་དུ་ས་ཞིང་བཅོས་སྒྱུར་བྱེད་འགོ་ཚུགས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། འོན་ཀྱང་བོད་ཀྱི་སྤྱི་ཚོགས་རྙིང་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧ་ལམ་བྱས་མེད་རྐྱེན། དཀྱིལ་ཐང་གྲོང་རྡལ་ནས་བྲག་གཡབ་རྫོང་གྲོང་དུ་རྟ་བཞོན་ནས་བསྐྱོད་ཀྱང་ཉིན་གཅིག་ཏག་ཏག་འགོར་གྱི་ཡོད་པས་མང་ཚོགས་ཀྱི་འགྲོ་སྐྱོད་སྟབས་བདེ་པོ་མེད”ཅེས་བཤད།

དམངས་གཙོའི་བཅོས་སྒྱུར་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། དཀྱིལ་ཐང་གྲོང་རྡལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དེ་སྔའི“གཡང་གཟར་ཀྱག་ཀྱོག་མང་བའི་ལམ་དང་། འབྲེང་ཐག་དང་ལྕུག་ཟམ”དེ་དག་ད་ལྟ་ཡངས་ཤིང་ཁོད་སྙོམས་པའི་སྣུམ་ནག་ལམ་གྱིས་ཚབ་བྱས་ཡོད།

“ད་ཆ་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་འགྲོ་ལམ་ཉམས་བཟོ་བྱས་པ་མ་ཟད། ཚང་མའི་འགྲོ་འོང་ལའང་སྟབས་བདེ་བྱུང་བ་དེ་ནི་དམངས་ཕན་གྱི་བྱ་བ་ཡག་པོ་ཞིག་རེད”ཅེས་བུ་ཆུང་གིས་མཐེ་བོང་སྒྲེང་བཞིན་བཤད།

བུ་ཆུང་གིས་རྟག་ཏུ་རང་ཉིད་ཀྱི་བུ་ཕྲུག་ལ་ད་ལྟ་སྲིད་ཇུས་ཡག་པོ་ཡོད་པས། གལ་ཏེ་ལས་ཀ་ཏན་ཏིག་བྱས་ན། འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ངེས་རེད་ཅེས་སློབ་གསོ་གཏོང་བཞིན་ཡོད་པ་རེད།

2012ལོར། བུ་ཆུང་གི་བུ་བློ་བཟང་གིས་སྒོར་ཁྲི་3ལྷག་ཙམ་སྤྲད་དེ་རླངས་འཁོར་ཞིག་ཉོས་ཏེ་སྐྱེལ་འདྲེན་ལས་ལ་གཞོལ། 2014ལོར། བློ་བཟང་གིས་སླར་ཡང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཞིག་ཉོས་པ་དང་། ད་ཆ། བློ་བཟང་ལ་ལོ་གཅིག་གི་ཡོང་འབབ་ཉུང་མཐར་ཡང་སྒོར་ཁྲི་ཁ་ཤས་ཡོང་གི་ཡོད།

ལས་ཀ་མེད་ན་སྡོད་མི་ཐུབ་པའི་བུ་ཆུང་གིས་ལས་ཀ་ཡོད་ནའང་འདྲ་ཡང་ལས་ཀ་མེད་ནའང་གང་ལྟར་ཉིན་ལྟར་གྲོང་ཚོའི་ནང་བསྐྱོད་དེ་གཙང་སྦྲ་བྱེད་པ་དང་མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུར་དགའ་པོ་ཡོད། གྲོང་ཚོའི་ནང་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་མཐོང་སྐབས། བུ་ཆུང་སེམས་གཏིང་ནས་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས་རྟག་ཏུ་ཚང་མར་དམངས་ཕན་སྲིད་ཇུས་ཁག་དང་མ་དངུལ་རྣམས་གནམ་ནས་ལྷུངས་བ་ཞིག་མ་རེད་ལ། ས་གཞི་ནས་སྐྱེས་པ་ཞིག་ཀྱང་མ་རེད། དེ་དག་ནི་གུང་ཁྲན་ཏང་གིས་གནང་བ་ཡིན་པས། ང་ཚོས་གུང་ཁྲན་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་མ་ཟད། ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་ཞེས་ཤོད་ཀྱི་ཡོད།

གཅེན་མོ་ལུའོ་ལགས། དཀྱིལ་ཐང་དུ་གཞིས་ཆགས་པའི་ཕྱོགས་མི།

དཀྱིལ་ཐང་གྲོང་རྡལ་དུ་གནས་པའི་ཆབ་མདོ་སྐྱིད་ཁང་འདེབས་འཛུགས་དང་གསོ་ཚགས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་ཤིང་འབྲས་ལྡུམ་རར་སྐྱོད་སྐབས། ཀུ་ཤུ་དང་། ཁམ་བུ། ལི་སོགས་ཤིང་ཏོག་སྡོང་པོར་ལྗིད་ཏིག་ཏིག་གི་འབྲས་བུ་རབ་ཏུ་བཏགས་པ་་དང་། ཤིང་འབྲས་ལྡུམ་ར་ཆེན་པོ་དེ་ནང་ལས་མི་20ལྷག་ཙམ་ཤིང་ཏོག་ལ་གཡོག་བྱེད་རྒྱུར་བྲེལ་བཞིན་འདུག འབྲས་ཤིང་སྡོང་པོའི་འོག་ཏུ་བོད་བྱ་དང་བོད་ཕག་སོགས་ཀྱིས་སྣང་བ་སྐྱིད་པོས་ཟས་འཚོལ་བཞིན་མཆིས།

“རྒྱུན་གཏན་མི་བདུན་ཅུ་བརྒྱད་ཅུ་ཙམ་གྱིས་ཤིང་འབྲས་ལྡུམ་རའི་ནང་ངལ་རྩོལ་བྱེད་ཀྱི་ཡོད་པ་ཚང་མ་དཀྱིལ་ཐང་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་མང་ཚོགས་རེད། ད་ལྟ། མི་མང་ཆེ་བ་རི་མགོར་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པར་ཕྱིན་རྐྱེན། ཤིང་འབྲས་ལྡུམ་རའི་ནང་ངལ་རྩོལ་པ་ཧ་ཅང་ཉུང་ཉུང་རེད”ཅེས་ང་ཚོས་ཐེ་ཚོམ་ཆེན་པོ་བྱས་པ་མཐོང་སྐབས་ཆབ་མདོ་སྐྱིད་ཁང་འདེབས་འཛུགས་དང་གསོ་ཚགས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལུའོ་ཡུས་ཤན་གྱིས་གསར་འགོད་པར་བཤད།

ཚང་མས“གཅེན་མོ་ལུའོ་ལགས”ཞེས་འབོད་པའི་བུད་མེད་འཇོན་ཐང་ཅན་དེ་ནི་2000ལོར་ཁྱོ་ག་དང་མཉམ་དུ་བོད་དུ་ཡོང་། 2003ལོར་ས་རྒོད་མུའུ་200འགན་གཙང་བླངས་པ་དང་། 2005ལོར་ཆབ་མདོ་སྐྱིད་ཁང་འདེབས་འཛུགས་དང་གསོ་ཚགས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ཐེམ་ཐོ་ཡང་ཁྲུང་ཆིང་ཡུན་དབྱང་ནས་དཀྱིལ་ཐང་གྲོང་ལྷན་དུ་བསྒྱུར་པས། དཀྱིལ་ཐང་གྲོང་ལྷན་དུ་ཐོག་མར་གཞིས་ཆགས་པའི་རྒྱ་རིགས་མང་ཚོགས་ཤིག་ཏུ་གྱུར་ཡོད། ལོ་བཅུ་ལྷག་ཙམ་རིང་གི་འཕེལ་རྒྱས་བརྒྱུད་ཀུང་སིའི་གཞི་ཁྱོན་ཉིན་རེ་ལས་མ་འདས་པར་ཆེ་རུ་ཕྱིན་ཞིང་། ད་ཆ། ཀུང་སིས་ས་ཞིང་མུའུ་1200འགན་གཙང་བླངས་པར་ན་ནིང་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་1000ལས་བརྒལ་བ་དང་། མང་ཚོགས་ལ་གླ་ཆ་སྤྲད་པ་ཁོ་ནར་སྒོར་ཁྲི་200ནས་300བར་ཟིན་ཡོད།

“དཀྱིལ་ཐང་གྲོང་ལྷན་གྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། ང་ལ་གྲོང་ལྷན་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རྒྱུའི་འོས་འགན་ཡོད”ཅེས་ལུའོ་ཡུས་ཤན་གྱིས་དེ་ལྟར་ཤོད་ཀྱི་ཡོད་ལ་དེ་ལྟར་ལག་ལེན་དུ་ཡང་བསྟར་བ་རེད། ཁོང་གིས་གྲོང་མི་ཚོར་ས་ཞིང་གི་རྣམ་པའི་ཐོག་ནས་མ་རྐང་ནང་ཞུགས་རྒྱུའི་བསྔགས་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང“ཀུང་སི་དང་ཞིང་དུད་ཟུང་དུ་སྦྲེལ་བའི”རྣམ་པ་སྤྱད་དེ། མང་ཚོགས་ལ་རིན་མི་དགོས་པར་སོན་བཟང་མཁོ་འདོན་དང་། ཡལ་བཞུར་རྒྱག་པ། མེ་ཏོག་དང་ཤིང་འབྲས་ཁ་འགྲེམས་པ་སོགས་ལག་རྩལ་གྱི་མཛུབ་ཁྲིད་བྱེད་ཀྱི་ཡོད།

ཁོང་གི་སྣེ་ཁྲིད་འོག་ལོ་64ལ་སླེབས་པའི་བསོད་ནམས་ཆོས་འཕེལ་གྲུབ་འབྲས་ཐོབ་པའི་སྒོ་ནས་དབུལ་སྒྲོལ་ཐུབ་ཡོད། སྔོན་ཆད་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་པའི་དུད་ཚང་དབུལ་པོ་དེ་ད་ཆ་ལོའི་ཡོང་འབབ་སྒོར་ཁྲི་ལས་བརྒལ་བའི་འབྱོར་འབྲིང་ཁྱིམ་ཚང་ཞིག་ཏུ་གྱུར་བ་དང་། ཕྲུ་གུ་ཡང་བོད་ལྗོངས་སློབ་ཆེན་ལ་རྒྱུགས་འཕྲོད། གྲོང་ཚོའི་ནང་གི་འཆི་མེད་སྒྲོལ་དཀར་བཟའ་ཚོ་ཡང་ཀུང་སིར་ལས་ཀ་བྱེད་ཀྱི་ཡོད་པས་ལོ་རེའི་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད་པ་ལ་སོགས་རེད།

“གོམ་སྟབས་རྗེས་མར། ང་ཚོས་བྲག་གཡབ་རྫོང་གྲོང་གི་ཁ་སྤྲོད་དུ་ཡོད་པའི་རི་སྟེང་ནས་ས་ཞིང་མུའུ་3000འགན་གཙང་བླངས་ཏེ་ཁམ་བུའི་ནགས་གླིང་ཞིག་བཏོད་ནས་འབྲས་བུ་བཏགས་རྗེས་གྲོང་ལྷན་གྱི་མང་ཚོགས་ལ་གཉེར་སྐྱོང་བྱེད་དུ་འཇུག་རྩིས་ཡོད། ང་ཚོའི་རེ་བ་ཆེ་ཤོས་ནི་ཀུང་སི་ཁྲོམ་རར་འདོན་རྒྱུ་དང་། ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་བཟའ་བཅའི་ཐོན་ལས་སྦྲེལ་ཐག་ཅིག་གཏོད་རྒྱུ་དེ་ཡིན”ཞེས་འབྱུང་འགྱུར་གྱི་འཆར་གཞིའི་ཐད་ལུའོ་ཡུས་ཤན་ལ་ཡིད་ཆེས་ཀྱིས་ཁེངས།

བྱེ་རྡོ་ར་བ། མང་ཚོགས་ཚོའི་ཕྱུག་འགྱུར་གྱི་རེ་བ་གསར་པ།

འདི་ལོ་ལོ་35ལ་སླེབས་པའི་བཀྲ་ཤིས་དོན་གྲུབ་ནི་དཀྱིལ་ཐང་གྲོང་རྡལ་དཀྱིལ་ཐང་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མི་ཞིག་རེད། ལས་ལ་བརྩོན་ཞིང་སྤྱང་གྲུང་དོད་པའི་ཁོང་གིས་བྲག་གཡབ་རྫོང་གསེར་ཆུ་གཙང་འགྲམ་དུ་ཡོད་པའི་དཀྱིལ་ཐང་གྲོང་མི་ཨུ་ཡོན་ལྷན་ཁང་གི་བྱེད་རྡོ་ར་བ་དེ་འགན་གཙང་བླངས་པས། རང་ཉིད་ཀྱི་ཁྱིམ་ཚང་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་མ་ཟད། ད་དུང་གྲོང་ལྷན་གྱི་དུད་ཚང་དབུལ་པོ་25ཡི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“གསེར་གྱི་ས་བོན”ཞེས་པའི་ལས་གཏོད་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཏུ་གྱུར་ཡོད།

བཀྲ་ཤིས་དོན་གྲུབ་ལ་རྒྱུས་མངའ་ཡོད་མཁན་ཚང་མས་ཤེས་གསལ་ལྟར། ཁོང་ལ་ད་ཆའི་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་དངོས་འབྲེལ་ལས་སླ་པོ་ཞིག་མ་རེད། 2000ལོར། ཁ་ལོ་བའི་ལག་ཁྱེར་རག་མ་ཐག་པའི་བཀྲ་ཤིས་དོན་གྲུབ་ཀྱིས་སྐྱེལ་འདྲེན་གྱི་ལས་འགོ་བརྩམས་པ་དང་། 2009ལོར། ཁོང་གིས་དངུལ་བུན་གཡར་བའམ་ཡང་ན་གཉེན་ཉེ་དང་གྲོགས་པོ་བཙལ་ནས་དངུལ་གཡར་བའི་ཁར། རང་ཉིད་ཀྱི་ལོ་མང་རིང་གི་གསོག་དངུལ་སྤྱད་དེ་རླངས་འཁོར་ཞིག་ཉོས་ནས་མུ་མཐུད་སྐྱེལ་འདྲེན་ལས་ལ་གཞོལ།

2014ལོར། བོད་ཀྱི་ཡུལ་སྐོར་ཁྲོམ་ར་ཉིན་རེ་བཞིན་འཁྲུག་ཏུ་ཕྱིན་པ་དང་བསྟུན་ནས་བཀྲ་ཤིས་དོན་གྲུབ་ལ་སླར་ཡང་བསམ་ཚུལ་གསར་པ་ཞིག་སྐྱེས་པ་སྟེ། “སྐྱེལ་འདྲེན་ལས་ལ་གཞོལ་ན་དུས་ཡུན་རིང་པོ་ཕྱི་ལོག་ཏུ་འགྲོ་དགོས་པས་ཁྱིམ་དུ་གནས་ཚུལ་གང་ཞིག་ཐོན་ཀྱང་ལྟ་རྟོག་བྱེད་པའི་ཁོམ་པ་མི་འདུག ད་ལྟ་ལྗོངས་ཡོངས་ཀྱིས་ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེན་བཏང་བ་དེ་ནི་ཁྱིམ་ཚང་འབྱོར་ཕྱུག་ལྡན་པའི་གོ་སྐབས་ཡག་པོ་ཞིག་མ་རེད་དམ། དེར་བརྟེན། བཀྲ་ཤིས་དོན་གྲུབ་ཀྱིས་ཕ་ཡུལ་དུ་ལོག་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱ་རྒྱུའི་ཐག་བཅད།

རི་ཁའི་ལྟོ་རྟེན་རི་དང་། ཆུ་ཁའི་ལྟོ་རྟེན་ཆུ་ཡིན་ཞེས་ཤོད་སྲོལ་ལྟར། ཁྱིམ་དུ་ལོག་རྗེས་བཀྲ་ཤིས་དོན་གྲུབ་ཀྱིས་རྟོག་ཞིབ་ཐེངས་མང་བྱས་པ་བརྒྱུད། བྲག་གཡབ་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་བཞིན་ཡོད་པས། བྱེ་རྡོ་ར་བ་ཞིག་གཉེར་ན་ཚོང་ལམ་ཡག་པོ་ཡོང་ངེས་ཡིན་པ་ཤེས་རྟོགས་ཐུབ། ཁོང་གི་མིག་རྒྱང་དེ་གྲོང་ཚོ་དེ་ག་བརྒྱུད་ནས་རྒྱུག་པའི་གསེར་ཆུའི་འགྲམ་དུ་ལྡིར། གསེར་ཆུ་གྲམ་ཐང་དེ་གྲོང་ཚོ་དང་བར་ཐག་ཅུང་རིང་པོ་ཡོད་རུང་གཞུང་ལམ་དང་དང་ཐག་ཉེ་བས། བྱེ་རྡོ་ར་བ་བཙུགས་ན་ཧ་ཅང་འཚམ་པོ་ཡོད་པ་རེད།

དེས་ན། ཁོང་གིས་རང་འགུལ་ངང་གྲོང་ཚོ་དང་གྲོས་མོལ་བྱས་པ་དང་འབྲེལ་དངུལ་བུན་སྒོར་ཁྲི་150གཡར་བ་དེའི་ཁར་རང་ཉིད་ཀྱི་བསགས་དངུལ་དང་། དེ་བཞིན་ཚོང་གྲོགས་བསྟན་འཛིན་བག་གྲོའི་དངུལ་སྒོར་ཁྲི་300བཅས་བཏང་ནས་བཀྲ་ཤིས་དོན་གྲུབ་གྱི་བྱེ་རྡོ་ར་བ་དེ་དངོས་སུ་བཙུགས། ཁོང་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་འགན་གཙང་གན་རྒྱ་བཞག་ནས་ལོ་ལྟར་གྲོང་ཚོ་མཉམ་སྡེབ་ལ་སྒོར་ཁྲི་42སྤྲོད་རྒྱུ་དང་ལོ་5ལ་ཁྱོན་སྒོར་ཁྲི་240གོང་འབུལ་ཞུས།

“ད་ཆ་སྲིད་ཇུས་བཟང་ལ་གོ་སྐབས་ཡག་པོ་ཡོད། ངའི་བྱེ་རྡོའི་རྒྱུ་ཆ་གཙོ་བོ་ཆབ་མདོ་གྲོང་ཁྱེར་དང་བྲག་གཡབ་རྫོང་སོགས་སུ་འཚོང་གི་ཡོད། ལས་གཉེར་བྱེད་འགོ་ཚུགས་པ་ནས་ད་ལྟའི་བར། ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་300ལས་བརྒལ་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།

ཕྱུག་པོ་ཆགས་པའི་བཀྲ་ཤིས་དོན་གྲུབ་ཀྱིས་ཡུལ་མི་རྣམས་མ་བརྗེད་པར། ཁོང་གི་བྱེད་རྡོ་ར་བ་དེར་ལ་མི་གླས་པར་དམིགས་བསལ་གྱི་གཏན་འབེབས་ཡོད་པ་སྟེ། “ཁྱིམ་ཚང་ལ་དཀའ་ངལ་ཡོད་པའམ་ཡང་ན་དབང་བོ་སྐྱོན་ཅན་ཡིན་པ”དེ་རེད་ཅེས་གཏན་འབེབས་འདི་ཐོག་མར་བཟོ་བའི་སྐོར་གླེང་སྐབས་བཀྲ་ཤིས་དོན་གྲུབ་ཀྱིས“ངས་ནུས་པས་ལྕོགས་ཚོད་ཀྱིས་ཚང་མ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་རོགས་རམ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཆེས་དམའ་ཤོས་ཀྱི་དབུལ་པོའི་དུད་ཚང་དང་དབང་པོ་སྐྱོན་ཅན་རྣམས་ཕྱུག་པོར་གྱུར་ན། གཞི་ནས་གྲོང་ཚོ་ཡོངས་ཐུན་མོང་ཕྱུག་པོ་ཆགས་པ་རེད”ཅེས་བཤད།

བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་བྱེ་རྡོ་ར་བའི་བྱེ་རྡོ་སྐྱེལ་འདྲེན་གྱི་ལས་ཀ་ཚང་མ་དཀྱིལ་ཐང་གྲོང་མི་ཨུ་ཡོན་ལྷན་ཁང་གི་མང་ཚོགས་ཚོས་བྱེད་ཀྱི་ཡོད། ན་ནིང་ལོ་གཅིག་ཁོ་ནར་བྱེ་རྡོ་ར་བས་སྐྱེལ་འདྲེན་འགྲོ་གྲོན་སྒོར་ཁྲི་200ལྷག་ཙམ་སྤྲད་ཡོད་ཅེས་བཤད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།