ཞིང་པའི་བུ་མོ་ཞིག་གི་ཕྱུག་འགྱུར་གྱི་ཕུགས་འདུན།

 


 

ཉེ་ཆར་སྦྲ་ནག་ཞོལ་གྱི་སྲང་ལམ་དང་པོའི་ཇ་ཁང་ཞིག་ཏུ་མིས་ཁེངས་ནས་དགའ་སྤྲོ་དང་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན།

“དེ་རིང་ནས་བཟུང་། ཡེ་ཤེས་ལ་སོ་སོའི་ཇ་ཁང་ཡོད་པས། དེར་རང་ཉིད་ཀྱི་མ་བྱན་ལག་རྩལ་གང་འདོད་ངོམས་ཆོག་གི་རེད” སྐད་ཆ་འདྲི་སྐབས་ཇ་ཁང་དེ་གསར་དུ་བཙུགས་པ་ཞིག་ཡིན་པ་གཞི་ནས་ཤེས་བྱུང་། ཇ་ཁང་གི་རྒྱལ་སྒོར་ཁ་བཏགས་མང་པོ་བཀལ་འདུག་ལ། སྒྲོག་ཙེའི་སྟེང་དུ་ཤོག་ཆག་མང་པོ་བཞིག་འདུག སྐེ་ལ་ཁ་བཏགས་གོན་པའི་སྦྱིན་བདག་ཡེ་ཤེས་བྲེལ་བས་ཁེངས་བཞིན་འདུག

“ལོ20ལ་སླེབས་ཙམ་རེད། ཞིང་ཁྱིམ་དབུལ་པོའི་བུ་མོ་ཆུང་ཆུང་དེས་རང་སོ་སོར་བརྟེན་ནས་འཚོ་གནས་ཀྱི་ལམ་བུ་ཞིག་འཚོལ་སྐབས། དཀའ་ཚེགས་ཆེན་པོ་གང་འདྲ་ཡོད་པ་ནི་ཚང་མས་བསམ་བློ་བཏང་བ་ཙམ་གྱིས་ཤེས་གསལ་རེད། འོན་ཀྱང་ཞིང་པའི་བུ་མོ་འདིར་ལས་གཏོད་ཀྱི་ལམ་བུ་ཞིག་རྙེད་པ་མ་ཟད། གྲུབ་འབྲས་ཕྲན་ཙམ་ཐོབ་ཡོད་པས། ང་ཚོ་སེམས་གཏིང་ནས་ཡིད་སྨོན་སྐྱེས་བྱུང”ཞེས་ཁ་བཏགས་གཡོག་མ་ཐག་པའི་རྒད་པོ་ཞིག་གིས་བཤད།

ཡེ་ཤེས1995ལོར་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་གི་གྲོང་གསེབ་དབུལ་པོ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནང་མི་ལྔ་པོ་མུའུ་ཁ་ཤས་ཀྱི་ས་ཞིང་དང་མ་མཐའི་འཚོ་བའི་འགན་ལེན་གྱི་དངུལ་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པས། ཁྱིམ་ཚང་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ཁྱིམ་ཚང་གི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། ཡེ་ཤེས་ཀྱིས་ཆུང་དུས་ནས་ནང་མི་སྤུན་མཆེད་ཁ་ཤས་དང་མཉམ་དུ་ལྷ་སར་གླ་པ་བྱེད་པར་འོངས།

དང་ཐོག་ཡེ་ཤེས་ཨར་པོ་རྒྱག་ས་ཞིག་ཏུ་སོ་ཕག་དང་འདམ་པ་དབོར་ནས་སྡོད་ཀྱི་ཡོད། ཡིན་ནའང་གཟུགས་པོ་སྐམ་ལ་ཆུང་དྲགས་པའི་རྐྱེན་གྱིས་དཀའ་ཚེགས་ཆེ་བའི་ལས་ཀ་དེ་བྱེད་ཐབས་བྲལ་ནས་ཟླ་བ་གཉིས་ཙམ་སོང་རྗེས། ལས་ཀ་དེ་ནས་བྲལ་ཏེ་བར་སྐོར་ཁྲོམ་གཞུང་གི་ཇ་ཁང་ཞིག་ཏུ་ཞབས་ཞུ་མ་བྱས།

ཇ་ཁང་གི་སྦྱིན་བདག་གིས་ཡེ་ཤེས་ནི་ལྷག་བསམ་རྣམ་དག་དང་། ལས་ལ་བརྩོན་པ། སྤྱང་གྲུང་དོད་པ་བཅས་ཀྱི་བུ་མོ་ཞིག་ཡིན་པ་ཤེས་རྗེས། ཁོ་མོར་སྔོན་ལ་ཇ་བཟོ་རུ་བཅུག་པ་དང་། དེ་རྗེས་སིལ་ཟས་བཟོ་སྟངས་བསླབས། ལོ་བཞི་ཙམ་སྡུག་རུས་ཆེན་པོས་སྦྱངས་རྗེས། ཡེ་ཤེས་ཀྱིས་ཇ་མངར་མོ་དང་བསྲུབས་མ་བཟོ་ཤེས་པ་མ་ཟད། སིལ་ཟས་སྣ་ཚོགས་ཀྱང་བཟོ་ཤེས་པས། སྐུ་མགྲོན་གྱི་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་ནས་བཟུང་ཡེ་ཤེས་ཞབས་ཞུ་མ་ཞིག་མིན་པར་ཇ་ཁང་གི་མ་བྱན་ཞིག་ཏུ་གྱུར་པ་རེད།

ཡེ་ཤེས་ལག་རྩལ་ལེགས་ལ། ཞབས་ཞུའི་རྣམ་འགྱུར་ཡང་ཡག་པོ་ཡོད་པ་མ་ཟད། ལྷག་པར་དུ་སེམས་རྩ་འཁོལ་པོ་ཡོད་པས། དེ་གར་ཇ་འཐུང་བར་ཡོང་མཁན་མང་པོ་ཡོད་པས། ཇ་ཁང་གི་ཚོང་ཡང་ཧ་ཅང་ཡག་པོ་ཡོད། ཡེ་ཤེས་ཀྱི་གླ་ཆ་རྒྱུན་ཆད་མེད་པར་འཕར་ཞིང་། དང་ཐོག་མའི་སྒོར1000ནས་ད་ཆའི5000བར་འཕར་བས་ཁྱིམ་ཚང་སྐྱོང་ཐུབ་མ་ཟད། ད་དུང་དངུལ་ཡང་ཏོག་ཙམ་བསགས་ཐུབ་ཡོད། ཡིན་ནའང་ཁོ་མོས་རང་ཉིད་ཀྱི་ཇ་ཁང་ཞིག་འཛུགས་རྒྱུའི་ཕུགས་བསམ་སྔ་ཕྱི་བར་གསུམ་དུ་བརྗེད་མེད།

ལོ10ཡི་རྗེས་ཡེ་ཤེས་ཀྱི་ཕུགས་བསམ་གཞི་ནས་མངོན་འགྱུར་བྱུང་བ་རེད། ཉེ་ཆར་ཡེ་ཤེས་ཀྱིས་རང་ཉིད་ཀྱི་གསོག་དངུལ་ཚང་མ་བཏོན་ནས་སྦྲ་ནག་ཞོལ་སྲང་ལམ་དང་པོར་བོད་ལུགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི“ཡར་འབྲོག་ཨ་ཕོ་ཇ་ཁང”ཞེས་པ་ཞིག་བཙུགས། ལོ་འདི་དག་ནང་ངས་གླ་ཆའི་ནང་ནས་ཕྱེད་ཀ་ཁྱིམ་དུ་བསྐུར་བ་དང་། ཕྱེད་ཀ་བསགས་པས་ད་རེས་སྤྱོད་རྒྱུ་བྱུང་སོང་། ཁོ་མོས་ངའི་བསམ་འདུན་ནི“ཡར་འབྲོག་ཨ་ཕོ་ཇ་ཁང”སྦྲ་ནག་ཞོལ་རྒྱུད་ཀྱི་ཇ་ཁང་ཡག་ཤོས་ཤིག་ཏུ་གྱུར་ནས་ས་གནས་དེ་གའི་མི་དང་ཡུལ་སྐོར་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།