ཁ་རུབ་ཆུས་རུ་བཞི་ཤང་གི་ཕྱུག་འགྱུར་ལམ་བུ།

r1.jpg

འདི་ནི་ཁ་རུབ་ཆུས་རུ་བཞི་ཤང་གཡང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཉི་བཀྲས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གཞུང་ལམ་སྐྲུན་བཞིན་པ།

མཛེས་སྡུག་ལྡན་པའི་ཡུལ་གྲུ་འདིར་གཙང་གསུམ་མཉམ་དུ་འཛོམས། ཟླ་6པའི་ཉིན་ཞིག་ཆབ་མདོ་གྲོང་ཁུལ་ནས་རྡོག་ཐོན་བྱས་ཏེ་ངེད་ཚོ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་བཅར་འདྲི་ཚོགས་ཆུང་གྲོང་ཁུལ་གྱི་རྫ་ཆུའི་ཕ་རོལ་དུ་ཆགས་པའི་རུ་བཞི་ཤང་དུ་བསྐྱོད་པ་ཡིན།

སྒྱུར་བཅོས་སྒོ་དབྱེ་བྱས་པ་དང་ལྷག་པར་དུ་ད་ཕན་ལོ་ཤས་རིང་ཁ་རུབ་ཆུས་ཀྱིས“ཆབ་མདོ་གསར་པ་དྲུག”སྐྲུན་པའི་གོ་སྐབས་དང་བསྟུན་ནས། དུས་རབས་ཀྱི་འཕོ་འགྱུར་དང་སྦྲགས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པ་དང་། རུ་བཞི་ཤང་གིས་རླབས་རྒྱུན་དེའི་ཁྲོད་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་འཆར་གཞི་ཡག་ཤོས་བཏིང་ཡོད།

གྲོང་ཚོ་གསར་པའི་མཛེས་སྡུག་རྣམ་པར་བཀྲ།

ལོ་10གོང་དུ་སྟག་མ་ལའི་ལྟེ་བར་གནས་པའི་མདའ་རོ་གྲོང་ཚོ་ནི་ཁ་རུབ་ཆུས་རུ་བཞི་ཤང་གི་རི་གྲོང་དབུལ་པོ་ཆུང་ཆུང་ཞིག་ཡིན་ཞིང་། མི་ཕྱུགས་མཉམ་སྡོད་དང་གྲོང་མིས་གནམ་ཆུ་བསྒུགས་ནས་སྡོད་དགོས་ཀྱི་ཡོད་ལ། གཞུང་ལམ་མེད་པ་དང་། གློག་མེད་པ། སྤྱི་ལེ་གཅིག་གི་ཕྱི་རོལ་ཏུ་ཆུ་སྒལ་པར་ཁུར་ནས་ལེན་དགོས་ཀྱི་ཡོད། གྲོང་ཁྱེར་དུ་སྐྱོད་པའི་ལམ་ཐག་སྤྱི་ལེ་12དེར་མི་ཚོས་གཡང་གཟར་ཆེ་བའི་རི་ལམ་བརྒྱུད་རྐང་ཐང་མར་ཉིན་གང་འགྲོ་དགོས་ཀྱི་ཡོད།

2005ལོར་རྒྱལ་ཁབ་ཀྱིས་བོད་དུ་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་དང་། སྲིད་གཞུང་གིས་རི་ཁུག་ཏུ་གནས་པའི་མང་ཚོགས་སྤྱི་ཡོངས་རྒྱལ་ལམ་317པའི་རྒྱུད་དུ་གནས་སྤོ་བྱ་རྒྱུའི་སྐུལ་སློང་བྱས་ཏེ། དུད་ཚང་རེར་བདེ་སྡོད་ལས་གྲྭའི་ཁ་གསབ་མ་དངུལ་སྒོར་ཁྲི་1ནས་2བར་སྤྲད་པ་མ་ཟད། ད་དུང་གནས་སྤོས་པའི་མང་ཚོགས་ལ་ཆུ་ཀ་ལ་ཁྲིད་པ་དང་། གློག་འཐེན་པ། ཁང་གསར་བརྒྱབ་པ་རེད།

ཁོར་ཡུག་ལ་འགྱུར་ལྡོག་སོང་བ་དང་དུས་མཚུངས། ས་ཆ་དེ་གའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་བྱུང་ཞིང་། མདའ་རོ་གྲོང་ཚོས་ཐོན་ཁུངས་ལ་གཞི་བཙུགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གསར་སྐྲུན་བྱས་ཏེ་ཕྱུག་འགྱུར་ལམ་བུར་བསྐྱོད་ཅིང་། ཕྱུག་པོ་ཆགས་པའི་ཁ་རུབ་གྲོང་ཚོའི་མང་ཚོགས་ཚོས་གྲོང་ཁྱེར་གྱི་མི་ལ་དཔེ་བྱས་ནས་ཁོར་ཡུག་ལ་གཅེས་སྐྱོང་དང་གཙང་སྦྲར་སྣང་ཆེན་བྱས་པས། གྲོང་ཚོའི་རྣམ་པ་ལེགས་སུ་ཆེས་ཆེར་སོང་ཡོད། ད་ཆ་མདའ་རོ་གྲོང་ཚོ་གང་སར་སྐད་གྲགས་ཆོད་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོར་གྱུར་ཡོད།

ལོ་70ལ་སླེབས་པའི་ཨ་མ་ཚེ་རིང་ཆོས་འཛོམས་ཀྱི་དྲན་ཤེས་སུ་མདའ་རོ་གྲོང་ཚོའི་འགྱུར་ལྡོག་དང་མདའ་རོ་གྲོང་ཚོའི་འཕེལ་རྒྱས་གྱི་བྱུང་བ་ཚང་མ་བརྟན་པོར་ངེས་ཡོད།

མདའ་རོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཚེ་རྡོར་གྱི་འགྲོ་རོགས་འོག ངེད་ཚོ་ཨ་མ་རྒན་མོའི་ཁང་གསར་དུ་སླེབས་བྱུང་། གཙང་སྦྲ་དོད་པའི་སྒོ་རའི་ནང་སྤང་སྔོ་ཐིང་ཐིང་ཁེབས་ཤིང་ཁང་པའི་ནང་ཁ་པར་དང་། བརྙན་འཕྲིན། འཁྱག་སྒམ་སོགས་གློག་ཆས་གང་དགོས་ཡོངས་སུ་འཛོམས་འདུག

ཨ་མ་རྒན་མོ་ཚེ་རིང་ཆོས་འཛོམས་ནི་ལོ་ན་མཐོ་ཡང་གདོང་གཤིས་ཡག་ལ་གཟུགས་གཞིའང་ཧ་ཅང་ཐང་པོ་ཡོད།

ཁོང་གིས“རི་གཤམ་དུ་སྤོས་པ་ནས་བཟུང་། འཚོ་བ་ཡག་ཏུ་ཕྱིན་པ་མ་ཟད། ངའི་གཟུགས་གཞིའང་ཐང་དུ་ཕྱིན་སོང”ཞེས་བཤད་པ་དང་། ཁོང་ཆུང་དུས་རྟག་ཏུ་ལྟོས་གྲོད་པ་མི་རྒྱགས་སྟབས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་སྐབས། རི་སྟེང་ནས་རྒྱུགས་པའི་ཆུ་བཏུང་སྟེ་གྲོད་པ་རྒྱགས་ཐབས་བྱེད་ཀྱི་ཡོད་ཅེས་དྲན་གསོ་བྱས།

“ཨ་མ་ལགས། ད་ཆ་ཚང་མར་འཚོ་བ་ཡག་པོ་བསྐྱལ་རྒྱུ་ཡོད་པས་ཁྱེད་ཀྱིས་སྐྱིད་པའི་འཚོ་བ་ལོངས་སྤྱོད་བྱ་རྒྱུ་ལས་མ་འདས”ཞེས་ངེད་ཚོའི་འགྲོ་རོགས་ཚེ་རྡོར་གྱིས་ཁོང་ལ་ཁ་ཏ་བྱེད་ཀྱིན་ངེད་ཚོར་མདའ་རོ་གྲོང་ཚོའི་ལོ་དེ་དག་རིང་གི་འགྱུར་ལྡོག་གླེང་བྱུང་།

2008ལོར་མདའ་རོ་གྲོང་ཚོའི་གྲོང་མིས་ཕྱུག་འགྱུར་སྣེ་ཁྲིད་པ་ནོར་བུ་ཚེ་རིང་གི་སྣེ་ཁྲིད་འོག་སྐྱེལ་འདྲེན་འཁོར་རིགས་ཉོས་ཏེ། མདའ་རོ་གྲོང་ཚོའི་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་བཙུགས།

2009ལོར་གྲོང་ཚོར་མ་དངུལ་མཉམ་བསྡུས་ཀྱིས་ལྡུག་འཁོར་ཆེ་གྲས་དང་། རྡོ་ཧྲུག་བཟོ་བྱེད་འཕྲུལ་འཁོར། སྲུབ་དཀྲུག་འཕྲུལ་འཁོར། ཤར་རླུང་རྟགས་ཅན་གྱི་ལྕགས་གཞོང་རླངས་འཁོར་བཅས་ཉོས་ནས་མདའ་རོ་གྲོང་ཚོའི་ཞིང་འབྲོག་པའི་ཨར་པོའི་རུ་ཁག་བཙུགས་པ་དང་། 2012ལོར་མདའ་རོ་གྲོང་ཚོས་མ་དངུལ་སྒོར་ཁྲི25བཏང་ནས་རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས།

ད་ཆ་མདའ་རོ་གྲོང་ཚོར་དཔལ་འབྱོར་དངོས་ཚན4ཡོད་པར་གཏན་འཇགས་རྒྱུ་ནོར་སྒོར་ཁྲི300ལྷག་ཙམ་ཟིན་པ་དང་། ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི200ལྷག་ཙམ་ཟིན་གྱི་ཡོད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཇེ་ཡག་ཏུ་སོང་བ་དང་སྦྲགས། མང་ཚོགས་ཀྱི་ཁེ་སྤོགས་ཀྱང་ལོ་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད་ཅིང་། 2010ལོར་ཚང་མའི་གླ་ཆ་ལྡབ་གཅིག་འཕར་ནས་མི་རེར་ཉིན་རེར་སྒོར50ཡོད་པ་དང་། གྲོང་ཚོ་ནས་ད་དུང་ཚང་མར་འབྲས་དང་། གྲོ་ཞིབ། འབྲུ་སྣུམ་སོགས་དངོས་རྫས་སྤྲད་པ་རེད། 2011ལོར་སླར་ཡང་གླ་ཆ་ལྡབ་གཅིག་འཕར་ནས་མི་རེར་ཉིན་རེར་སྒོར100ཟིན་པ་དང་། ན་ནིང་གི་རྨང་གཞིའི་ཐོག་ད་དུང་དུད་ཚང་རེར་ཐབ་ཆས་ཚ་ཚང་རེ་དང་བོད་རུམ་ཆ་5རེ་སྤྲད།

རོལ་རྩེད་ཁང་བཙུགས་ནས་གྲོང་ཚོ་མཛེས་སྡུག་ལྡན་ཞིང་གྲོང་མི་ཕྱུག་པོ་ཆགས་པ།

ཟླ་6པའི་བསམ་མདོ་གྲོང་ཚོ་ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་ཚོམ་བུར་འཁྲིགས་པ་དང་། འདབ་ཆགས་ཀྱི་སྐད་སྙན་སྒྲོག་ལ་མེ་ཏོག་གི་དྲི་ཞིམ་འཐུལ་ཏེ་། གྲོང་ཚོའི་རྣམ་པ་སུམ་རྩེན་གནས་ལྟར་མཛེས།

བསམ་མདོ་གྲོང་ཚོ་ནི་ཆབ་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ22ཡོད་ཅིང་། དེ་ག་ནི་སྔ་ཕྱི་བར་གསུམ་དུ་ཆབ་མདོ་གྲོང་ཁུལ་གྱི་མེ་ཏོག་ལྡུམ་ར་ལྟ་བུ་ཡིན་པ་དང་། གཟའ་མཇུག་འཆར་རིམ་བཞིན་གྲོང་ཁྱེར་གྱི་ལས་བྱེད་པ་མང་པོ་དེ་གར་སྤྲོ་སྐྱིད་གཏོང་བར་ཡོང་གི་ཡོད།

2014ལོར་ཁ་རུབ་ཆུས་དབུལ་སྐྱོར་གཞུང་དོན་ཁང་གིས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་དབུལ་སྐྱོར་གསར་སྤེལ་ཟུང་འབྲེལ་བྱས་ཏེ“ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྐྱོར་ལ་སྣེ་ཁྲིད་བྱེད་པ་དང་། དབུལ་སྐྱོར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ལས་ཀའི་བཀོད་པ་ཆགས་ནས། ས་ཆ་དེ་གའི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ཤིང་། བསམ་མདོ་གྲོང་ཚོར་མ་དངུལ་སྒོར་ཁྲི253བཏང་ནས་ཆབ་མདོ་གྲོང་ཁྱེར་གྱི་རོལ་རྩེད་གླིང་འབྲིང་ཆུང་དང་པོ—རུ་བཞིའི་སྣོད་བཅུད་སྤྲོ་སྐྱིད་གླིང་བཙུགས།

འཁོར་སྐྱོད་ཤིང་རྟ་དང་། རྡུང་རྩེད་རླངས་འཁོར། མཚོ་ཇག་གྲུ་གཟིངས། བྱིས་པའི་གནམ་གྲུ་སོགས་རོལ་རྩེད་སྒྲིག་བཀོད་ཀྱིས་རོལ་རྩེད་གླིང་དེར་གསོན་ཤུགས་བྱིན་ཅིང་། རོལ་རྩེད་དང་། བཟའ་བཏུང་། སོས་དལ་ངལ་གསོ་བཅས་མཉམ་བསྲེས་ཀྱི་ཡུལ་སྐོར་སྣོད་བཅུད་སྤྲོ་གསེང་གྲོང་དེར་རྩེད་འཇོར་ཡོང་མཁན་གྲོང་མི་བར་མེད་དུ་མཆིས།

“གོ་སྐབས་འདི་དང་བསྟུན་ནས་ངེད་ཚོས་རུ་བཞིའི་སྣོད་བཅུད་དགའ་ཚལ་མཉམ་ལས་ཁང་བཙུགས་ནས‘རྟེན་གཞི་དང་། ཞིང་དུད། ཀྲི་པུའུ’བཅས་འབྲེལ་ནས་འཁོར་རྒྱུག་བྱས་པ་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དུད་ཚང་དབུལ་པོའི་འབབ་འཕར་སྣེ་ཁྲིད་ཀྱི་གཙོ་གནད་རྣམ་གྲངས་སུ་གྱུར་ཡོད”ཅེས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཞི་བདེས་སྐད་ཤུགས་ཆུང་ལ་འཚེར་སྣང་ངང་ངོ་སྤྲོད་བྱས། ཡིན་ན་ཡང་ཞི་བདེས་བྱ་བ་སྒྲུབ་སྐབས་ཧ་རི་ཧུ་རི་གཏན་ནས་བྱེད་ཀྱི་མེད།

“བསམ་མདོ་གྲོང་ཚོས་རྣམ་གྲངས་དེ་གཉེར་སྐྱོང་བྱེད་འགོ་བཙུགས་པ་ནས་བཟུང་། ཞི་བདེར་དལ་ཁོམ་སྤུ་ཙམ་ཡང་བྱུང་མེད”ཅེས་གམ་དུ་ཡོད་པའི་ཧྲུའུ་ཅི་དང་པོ་བསོད་ནམས་ཚེ་རིང་གིས་བཤད།

ཇི་ལྟར་བྱས་ཏེ་ཞབས་ཞུ་ཡག་པོ་བྱེད་པ་དང་། ཞབས་ཞུའི་མི་སྣར་གསོ་སྦྱོང་བྱེད་པ། མགྲོན་པོ་ཚུར་འགུག་པ་ལ་སོགས་གནད་དོན་རབ་དང་རིམ་པའི་ཐད་ཞི་བདེས་གང་སར་བསྡུ་ལེན་དང་ཉམས་མྱོང་ལེན་པར་བསྐྱོད། ཁོང་གིས་གྲོང་ཚོའི་ཁྱིམ་ཚང་ཚང་མའི་མང་ཚོགས་གམ་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་མ་ཟད། ད་དུང་གྲོང་ཚོ་ནས་ཐོན་ཏེ་ཕྱི་ཕྱོགས་སུ་དོ་དམ་ཉམས་མྱོང་སློབ་སྦྱོང་བྱེད་པར་བསྐྱོད།

མཐར་གྲོང་ཚོ་ཨུ་ལྷན་གྱིས་དོ་དམ་ལམ་ལུགས་རབ་དང་རིམ་པ་བཟོས་པ་མ་ཟད། ད་དུང་བདེ་འཇགས་ཉེན་བརྡའི་བྱང་བུ་ཁག་དང་རོལ་རྩེད་ཁང་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་བྱང་བུ་སོགས་བཙུགས་པ་དང་འབྲེལ། དུད་ཚང་དབུལ་པོ་ནས་དོ་དམ་པ་3བསྡུས་ཏེ་མི་རེར་གླ་ཆ་སྒོར1800སྤྲད། གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་གྱིས་དངོས་ཟོག་ཉོ་བ་དང་། མགྲོན་པོར་སྣེ་ལེན་ཞུ་བ། མ་དངུལ་དོ་དམ་བྱེད་པ་སོགས་རང་སོ་སོའི་འགན་འཁྲི་ཁུར་ཡོད།

ཞི་བདེས“མ་གཞི་སྤྲོ་གསེང་གྲོང་འདི་འདི་ལོའི་ཟླ5ཚེས1ཉིན་གཞི་ནས་ལས་གཉེར་བྱེད་འགོ་བཙུགས་མོད། འོན་ཀྱང་ང་ཚོའི་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་15ཟིན་པ་དང་སྔོན་དཔག་བྱས་ན་ལོ་མཇུག་ཏུ་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི1.2ཙམ་བགོ་ཐུབ་རྒྱུ་རེད”ཅེས་སྤོབས་སེམས་ཆེན་པོས་གསར་འགོད་པར་བཤད། ཡུལ་སྐོར་བ་འདྲེན་འགུག་ཐུབ་པའི་ཡང་སྙིང་ཡང་ཡུལ་དེའི་མཛེས་ལྗོངས་ཙམ་མ་ཡིན་པར། དེ་བས་གལ་ཆེ་བ་ནི་དེ་གའི་འཛད་སྤྱོད་དང་ཞབས་ཞུའི་སྤུས་ཚད་ཚང་མར་མགྲོན་པོར་བློ་ཡིད་འཚིམ་པོ་བྱུང་བས་རེད།

ཁྱད་ལྡན་ལ་དམ་འཛིན་བྱས་ཏེ་གྲོང་ཚོ་ཕྱུག་པོ་ཆགས་པ།

ཆབ་མདོ་གྲོང་རྡལ་བྱང་རྒྱུད་ཀྱི་སྤྱི་ལེ23གྱི་ཕྱི་རོལ་ཏུ་གཡང་དཀར་གྲོང་ཚོ་ཡོད་པ་དང་། གྲོང་ཚོ་དེ་རི་སྐེད་དུ་གནས་ཤིང་། རི་གཤམ་ནི་རྒྱལ་ལམ་317དང་ལང་ལོང་དུ་རྒྱུགས་པའི་རྫ་ཆུ་རེད།

སྔོན་ཆད་གཡང་དཀར་གྲོང་ཚོ་ནི་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་། ད་ཕན་ལོ་ཤས་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཉི་བཀྲའི་སྣེ་ཁྲིད་འོག་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་གྲོང་ཚོར་གྱུར།

2007ལོར་བློ་བཟང་ཉི་བཀྲས་གཡང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་བ་དང་། སྐབས་དེ་དུས་གཡང་དཀར་གྲོང་ཚོའི་གྲོང་མིའི་འཚོ་བར་དཀའ་ངལ་ཧ་ཅང་ཆེ་བ་དང་། མཉམ་སྡེབ་དཔལ་འབྱོར་གང་ཡང་མེད་ལ། གྲོང་མིའི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་དྲུག་བརྒྱ་བདུན་བརྒྱ་ལས་ཟིན་གྱི་མེད།

“ཁྱིམ་ཚང་ཚང་མས་སོ་ཕག་ཁང་པའི་ནང་མི་ཕྱུགས་མཉམ་སྡོད་བྱེད་པ་དང་ཆུ་དང་། གློག་མེད་ཅིང་། ལོ་ལྟར་རྩམ་པ་ཟ་བ་ཕུད་ཚལ་རིགས་པད་ཚལ་ལས་མེད་པ་དང་། ལོ་གསར་གཏོང་སྐབས་གཞི་ནས་འབྲས་དང་གྲོ་ཞིབ་ཕྲན་བུ་བཟའ་རྒྱུ་ཡོད། ཚང་མའི་ལུས་ལ་ལྷན་པས་ཁེངས་པའི་གྱོན་གོས་གོན་གྱི་ཡོད”ཅེས་ཁོང་གིས་སྐབས་དེ་དུས་གྲོང་ཚོའི་རྣམ་པ་དྲན་གསོ་བྱས།

སྐབས་དེ་ནས་བཟུང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བློ་བཟང་ཉི་བཀྲའི་འབད་འཐབ་ཀྱི་དམིགས་ཚད་དུ་གྱུར།

2009ལོར་བློ་བཟང་ཉི་བཀྲས་ཞིང་སྐྱོར་ཞིང་ཕན་གྱི་སྲིད་ཇུས་དང་བསྟུན་ནས་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ལྷག་མ12གཅིག་ཏུ་བསྡུས་ཏེ་ཞིང་འབྲོག་པའི་ཨར་པོའི་རུ་ཁག་བཙུགས་ནས། ཆུ་བེད་ཆུང་གྲས་དང་འགྲིམ་འགྲུལ་ལས་གྲྭ་ཁ་ཤས་འགན་གཙང་བླངས་པར། ལོ་དེ་གར་ཕན་འབྲས་ཐོན་ནས་ལོ་ཧྲིལ་པོར་ཨར་པོའི་རུ་ཁག་ལ་ཡོང་འབབ་སྒོར་ཁྲི30ལྷག་ཙམ་བྱུང་བ་དང་། 2010ལོར་ཡོང་འབབ་སྒོར་ཁྲི80ལྷག་ཙམ་བྱུང་བ། 2011ལོར་སྒོར་ཁྲི90ལྷག་ཙམ་བྱུང་བ། 2012དང2013 2014བཅས་ལོར་ཆ་སྙོམས་སྒོར་ཁྲི110ལྷག་ཙམ་བྱུང་བ་རེད།

ཨར་པོའི་རུ་ཁག་གི་སྟོབས་ཤུགས་རིམ་བཞིན་ཆེ་རུ་ཕྱིན་པ་དང་དཔུང་ཁག་ཀྱང་ཟམ་མི་ཆད་པར་འཕེལ་རྒྱས་སོང་ནས། ད་ཆ་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཆེ་གྲས་4དང་། ཞིང་སྤྱོད་རླངས་འཁོར8 ངལ་རྩོལ་ནུས་ཤུགས40བཅས་ཡོད་པའི་འཛུགས་སྐྲུན་ཀུང་སི་ཞིག་ཏུ་གྱུར་ནས། ཆ་སྙོམས་ངལ་རྩོལ་ནུས་ཤུགས་རེར་ཉིན་རེར་གླ་ཆ་སྒོར250སྤྲོད་པ་དང་ལག་ཤེས་ཧ་ཅང་ཡག་པའི་བཟོ་པར་ཉིན་རེར་གླ་ཆ་སྒོར300སྤྲོད་ཀྱི་ཡོད།

2012ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི312བཏང་ནས་རང་བྱུང་གྲོང་ཚོ་ཁག་དབར་འབྲེལ་མཐུད་ཐུབ་པའི་འགྲོ་ལམ་བཟོས་པ་དེ་ལས། བློ་བཟང་ཉི་བཀྲར་ཕྱུག་འགྱུར་ཐབས་ལམ་གསར་པ་རྙེད་དེ། ཁོང་གིས་ཨར་པོའི་རུ་ཁག་གི་གཉེར་སྐྱོང་ཐབས་ཇུས་ལེགས་སྒྲིག་བྱས་ནས་ཤང་དང་གྲོང་ཚོའི་འགྲོ་ལམ་འཛུགས་སྐྲུན་ལས་གྲྭ་འགན་གཙང་ལེན་འགོ་བཙུགས།2012ལོར་ཨར་པོའི་རུ་ཁག་གིས་རིང་ཚད་སྤྱི་ལེ3.3ཡོད་པའི་ཆབ་མདོ་གྲོང་ཁྱེར་ཁྲེང་ཀོན་གྲོང་རྡལ་རྟ་རོང་དགོན་དུ་བསྐྱོད་པའི་གཞུང་ལམ་སྐྲུན་འགན་ཁུར་བ་དང་། 2013ལོར་གྲོང་ཚོའི་ནང་སྤྱི་ལེ2ཡོད་པའི་ཨར་འདམ་ལམ་བསྐྲུན་པ།2015ལོར་གྲོང་ཚོའི་ནང་གི་སྤྱི་ལེ་6ཡོད་པའི་ཨར་འདམ་ལམ་བཟོས་པ་ཕུད། ད་དུང་རུ་བཞི་ཤང་གསའ་རྣ་གྲོང་ཚོའི་ཟམ་པ་ཞིག་ཀྱང་བསྐྲུན་ཡོད། ད་ཆ་ཕྱུག་འགྱུར་ཐབས་ལམ་དེར་ཕན་འབྲས་དེ་བས་ལེགས་པ་ཐོན་བཞིན་ཡོད།

གཡང་དཀར་གྲོང་ཚོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་སྐོར་གླེང་སྐབས། བློ་བཟང་ཉི་བཀྲས“ཨར་པོའི་རུ་ཁག་སྔར་བས་རྒྱ་ཆེར་བཏང་སྟེ་གཞི་ཁྱོན་ཅན་དང་། ཚན་རྩལ་ཅན། ཕན་འབྲས་ཅན་བཅས་སུ་འགྱུར་བ་བྱ་རྒྱུ་ཡིན”ཞེས་ཡིད་ཆེས་ངང་བཤད་པ་དང་། གྲོང་ཚོ་ཡོངས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཕྱིར་ཧུར་ཐག་བྱེད་པ་དང་དུས་མཚུངས། གཡང་དཀར་གྲོང་ཚོས་ད་དུང་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་ཡག་པོ་བྱས་ཏེ། གྲོང་ཚོའི་རྣམ་པ་ལེགས་སུ་བཏང་ཐོག་རང་བྱུང་གྲོང་ཚོ་ཚང་མར་སྐྱོད་པའི་འགྲོ་ལམ་ཡོངས་ཨར་འདམ་ལམ་དུ་བསྒྱུར་ཏེ་འགྲོ་ལམ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་རེད།

“སྐབས་དེ་དུས་ཀྱི་གཡང་དཀར་གྲོང་ཚོ་ནང་སའི་འབྱོར་ཕྱུག་གྲོང་ཚོ་ཁ་ཤས་ལྟར་མཛེས་སྡུག་ལྡན་པར་འགྱུར་རེ་ཡོད”ཅེས་བློ་བཟང་ཉི་བཀྲས་ཁོང་གི་བསམ་འདུན་བཤད་བྱུང་།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།