རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་པ།

 

ཉེ་བའི་ལོའི་ནང་། རང་ལྗོངས་ཀྱི་ས་ཁུལ་ཁག་གིས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གསར་སྤེལ་བྱེད་རྒྱུ་དེ། འགག་སྒྲོལ་བྱེད་སར་རྩིས་ནས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་འཕྲོ་རྣམས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་དངུལ་སྨར་ཡོང་འབབ་འཕར་བ་བྱས་པ་རེད།  བོད་ཀྱི་ལོ་གསར་དགའ་གཏོང་བྱེད་བཞིན་པའི་ཞིང་པ་ཟླ་བས།  ལོ་གསར་ཚར་རྗེས་ལྷ་སར་ཚོང་ཁང་ཞིག་བོགས་མར་བླངས་ཏེ་ཁོང་ཚོའི་མཉམ་ལས་ཁང་ནས་བཟོས་པའི་ཟངས་ཆས་འགྲེམས་ཚོང་བྱས་ཏེ་དེ་བས་མང་བའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་རྩིས་ཡོད་པ་རེད།

ཟླ་བ་ནི་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་ཐོས་དགའ་གྲོང་ཚོའི་ཟངས་ཆས་ལས་སྣོན་མཉམ་ལས་ཁང་གི་འགན་འཁུར་བ་ཡིན་པ་དང་།  མཉམ་ལས་ཁང་དེ་བཙུགས་པའི་ཚུན་དུ་ཁོང་ཚོས་ཐོན་ཁུངས་ལེགས་སྒྲིག་བྱས་ནས་དབུལ་ཕོངས་དུད་ཚང་ ༡༠ ལྷག་ཙམ་ལས་ཞུགས་ཐུབ་པ་བྱས་ཡོད་པས།  ཐོས་དགའ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་ཁ་ཤས་གོང་སྒོར༢༠༠༠ཡང་ཟིན་གྱི་མེད་པ་ནས་ད་ལྟ་སྒོར་ཁྲི་ཡན་བར་འཕར་སྣོན་བྱུང་ཡོད།  ཐོས་དགའ་གྲོང་ཚོའི་ལོ༢༥ལ་སླེབས་པའི་ཀུན་བཟང་བློ་གྲོས་ནི་ད་ཆ་མཉམ་ལས་ཁང་གི་ལག་ཤེས་པ་རྙིང་པ་ཞིག་ཡིན་པ་དང་མཉམ་ལས་ཁང་ལ་མ་ཞུགས་གོང་ཁོང་ཚོའི་ཁྱིམ་ཚང་གི་འཚོ་བ་དཀའ་ངལ་ཅུང་ཆེ་ཙམ་ཡོད་པ་རེད།  འོན་ཀྱང་ད་ཆ་ཁོང་ལ་ཟླ་བ་རེར་གླ་ཕོགས་སྒོར་བཞི་སྟོང་ལྔ་སྟོང་ཙམ་ལེན་རྒྱུ་ཡོད་པས་ད་ལོའི་ལོ་གསར་ཡང་སྐྱིད་པོ་ཞིག་གཏོང་རྒྱུ་བྱུང་ཡོད།

ལོ་གསར་གོང་།  ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར་དུ་རིན་སྤུངས་རྫོང་ཁང་གཞུང་ཤང་གི་ཞིང་འབྲོག་པ་ཚོས་གང་སར་རྩེ་སྒྲོ་བཙོངས་པ་དང་།  ལག་ཤེས་དེར་བརྟེན་ནས་ཁང་གཞུང་ཤང་གི་དབུལ་ཕོངས་དུད་ཚང་མང་པོ་ཞིག་དབུལ་སྒྲོལ་ཐུབ་ཡོད།  ན་གཞོན་དེ་བས་མང་བས་རྩེ་སྒྲོ་བཟོ་རྩལ་རྒྱུད་འཛིན་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད།  ཁང་གཞུང་ཤང་གིས་སྤྱི་ལོ ༢༠༠༨ལོ་ནས་བཟུང་རྩེ་སྒྲོ་བཟོ་བའི་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་གཉེར་ནས་ཁྱོན་འབྲེལ་ཡོད་དབུལ་སྐྱོར་སྦྱོང་བརྡར་མ་དངུལ་སྒོར་ཁྲི་ཚོ་བརྒྱ་ཕྲག་བཏང་བ་དང་མི་ཆིག་སྟོང་ཙམ་ལ་སྦྱོང་བརྡར་སྤྲས་ཡོད།

ཁང་གཞུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དབང་ལགས་ནས།  ལོ་ལྟར་བོད་ཀྱི་ལོ་གསར་དང་ཆོས་ལུགས་བྱེད་སྒོ་ཆེ་རིགས་སྐབས་ཁྱིམ་ཚང་ཚང་མས་རྩེ་སྒྲོ་དང་མར་རྒྱན་འབུལ་སྲོལ་ཡོད་པས།  ཤང་ནང་གི་མི་དེ་བས་མང་བས་ལག་ཤེས་འདི་ཤེས་ཚེ་ཚང་མའི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་ཆེར་འགྲོ་ངེས་རེད་ཅེས་བཤད་པ་རེད།

གཞན་ཡང་།  ལོ་ལྔ་ཚན་བཅུ་གཉིས་པའི་རིང་རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་ཁང་༢༥གཏན་འཁེལ་བྱས་པ་དང་།  སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་༣༢འཛུགས་སྐྱོང་བྱས་ཡོད་པ་དེ་དག་གིས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་པའི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།