རི་ཁུལ་དབུལ་པོ་ཕྱུག་པོའི་ལམ་དུ་བསྐྱོད།

ཀླུ་སྨད་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་རུ་ཁག་ཁག་བཞི་པའི་སྐོར་བཀོད་པ།

མཚོ་སྨད་རྫོང་གནས་བཞི་ཤང་ཀླུ་སྨད་གྲོང་ཚོ་ནི་དབུལ་པོའི་རི་གྲོང་ཞིག་ཡིན། དེ་གར་ས་ཞིང་གི་ས་རྒྱུ་ཞན་པ་དང་། ཐོན་ཁུངས་དཀོན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ། ཆ་འཕྲིན་གསང་པོ་མེད་པ། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སྲོལ་རྒྱུན་བཅས་ཡིན། གྲོང་ཚོ་དེར་དུད་ཚང111དང་མི326ཡོད་པ་དང་། 2014ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར5378ལས་ཟིན་གྱི་མེད། གང་འདྲ་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུ་དེ་ནི་ཀླུ་སྨད་གྲོང་ཚོའི་མང་ཚོགས་ལ་འཕྲད་པའི་ལས་འགན་ཞིག་ཡིན་ལ། ཀླུ་སྨད་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་རུ་ཁག་ཁག་བཞི་པས་དོན་གཉེར་བྱེད་པའི་གནད་དོན་ཞིག་ཀྱང་ཡིན།

གྲོང་ཚོར་བཅའ་སྡོད་བྱས་ཚུན། ལས་དོན་རུ་ཁག་གིས་ཕྱོགས་གཅིག་ནས་བརྟག་ཞིབ་དང་གཅིག་ཤོས་ནས་ལག་ལེན་བྱས་ཐོག་དོན་དངོས་དང་བསྟུན་ནས་གྲོང་ཚོ་འཕེལ་རྒྱས་གཏོང་རྒྱུ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ལས་འགན་གལ་ཆེ་ཞིག་ཏུ་བརྩིས་པ་དང་འབྲེལ། མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རི་གྲོང་དབུལ་པོ་འདི་ཕྱུག་པོའི་རི་གྲོང་དུ་འགྱུར་རྒྱུར་འབད་བརྩོན་ཧུར་ཐག་བྱས་པ་རེད།

གྲོང་ཚོའི་གནས་ཚུལ་ཤེས་རྟོགས་ཐུབ་ཆེད། ལས་དོན་རུ་ཁག་གིས་ཞིང་དུད་ཁག་ཏུ་བསྐྱོད་དེ་གནས་ཚུལ་མཐིལ་རྟོགས་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་བཞུགས་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་བརྟག་ཞིབ་བྱས་པ་མ་ཟད། ཁྱིམ་ཚང་ཚང་མའི་གནས་ཚུལ་དང་། ཁྱིམ་ཚང་གི་རྩལ་ནུས་ཁྱད་ཆོས། དཔལ་འབྱོར་ཡོང་ཁུངས། འཕེལ་རྒྱས་ཁ་ཕྱོགས། ལྷགས་པའི་དཀའ་གནད་སོགས་ཤེས་རྟོགས་ཟབ་མོ་བྱས་པ་དང་འབྲེལ་མང་ཚོགས་ཚོས་གང་བསམ་མིན་དང་རེ་བ་གང་བྱེད་མིན་ཤེས་རྟོགས་བྱས་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ་རེད།

བརྟག་ཞིབ་བྱས་པ་བརྒྱུད། སྲོལ་རྒྱུན་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་ཀླུ་སྨད་གྲོང་ཚོའི་རྨངགཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་དང་། དཔལ་འབྱོར་གྱི་གྲུབ་ཆ་རྐྱང་པ། འབབ་ཁུངས་ཉུང་བ། མང་ཚོགས་ཀྱི་རིག་གནས་ཆུ་ཚད་ཞན་པ། བསམ་བློའི་འདུ་ཤེས་རྗེས་ལུས། ངལ་རྩོལ་གྱི་རྩལ་ནུས་སྐྱོ་བ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཅིང་། ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གིས་གྲོང་ཚོའི་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་དང་གཙོ་གནད་ལས་འགན་གཏན་འཁེལ་བྱས་པར་བརྟེན་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད།

གྲོང་ཚོའི་ནང་བསྐྲུན་པའི་འགྱིག་ཤོག་དྲོད་ཁང་དེ་བེད་མེད་དུ་ལུས་པ་མཐོང་རྗེས། ལས་དོན་རུ་ཁག་གིས་སྐད་ཆ་ཡང་ཡང་དྲིས་པ་བརྒྱུད་འགྱིག་ཤོག་དྲོད་ཁང་དེ་བསྐྲུན་ཡང་ཆུ་འདྲེན་སྒྲིག་བཀོད་མེད་པའི་གནས་ཚུལ་ཤེས། ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱིས་གྲོས་བསྡུར་བྱས་མཐར། གྲོང་མི་སྒྲིག་འཛུགས་བྱས་ཏེ་འགྱིག་ཤོག་དྲོད་ཁང་དུ་ཆུ་འདྲེན་གྱི་སྒྲིག་བཀོད་བཟོ་རྒྱུའི་ཐག་བཅད་པ་མ་ཟད་ཆུ་འདྲེན་པའི་ཡོ་ཆས་ཉོ་སྒྲུབ་དང་ཡུར་བུ་འདྲུ་བ་སོགས་བྱས་ནས་དུས་ཡུན་ཉིན་བཅུའི་ནང་ཆུ་རྫིང་བསྐྲུན་ཏེ་ཆུ་འདྲེན་ཐུབ་པ་བྱུང་ཡོད།

ལས་དོན་རུ་ཁག་གིས་འགྱིག་ཤོག་དྲོད་ཁང་ནང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་བྱས་རྗེས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་འགྱིག་ཤོག་དྲོད་ཁང་འགན་གཙང་སྤྲོད་པའི་ཚོགས་འདུ་འཚོགས་ཏེ་བོགས་གླ་དམའ་ཤོས་ཀྱི་ཐོག་ནས་བོགས་མར་བཏང་ཡང་། འགན་གཙང་ལེན་མཁན་བྱུང་མེད་པ་རེད།

ལས་དོན་རུ་ཁག་གིས་མང་ཚོགས་ཀྱིས་གཅིག་ནས་ཚལ་ཡག་པོ་འདེབས་མི་ཐུབ་པའི་སེམས་ཁྲལ་བྱེད་པ་དང་གཉིས་ནས་ཚལ་འཚོང་མི་ཐུབ་པའི་སེམས་ཁྲལ་བྱེད་པ་ཤེས། བསམ་བློ་ཡང་ཡང་བཏང་བ་བརྒྱུད། ལས་དོན་རུ་ཁག་གིས་སྔོན་ལ་འགྱིག་ཤོག་དྲོད་ཁང་འགན་གཙང་བླངས་ནས་མང་ཚོགས་ལ་མིག་དཔེ་བཏོན། དེ་ལྟར་ལས་བྱེད་པ་ཚོས་ས་བསློགས་པ་དང་། ཆུ་གཏོང་བ། ལུད་རྒྱག་པ། ལྗང་གསོ། ལྗང་འདེབས་སོགས་ཟླ་གཉིས་ལྷག་ཙམ་གྱི་ལས་ཀ་བྱས་པ་དང་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད་འགྱིག་ཤོག་དྲོད་ཁང་ནང་ཧོང་ཀྭ་དང་ཀྲོ་མ་ཀྲུ་སོགས་སྔོ་ཚལ་སྔོ་ཐིང་ངེར་སྐྱེས་ཡོད།

ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་དེ་མིན་འགྱིག་ཤོག་དྲོད་ཁང་ཚང་མ་གྲོང་མིས་འགན་གཙང་བླངས་ནས་སྔོ་ཚལ་སྣ་ཚོགས་བཏབ།

མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱ་ཆེད། ལས་དོན་རུ་ཁག་གིས་ཡུལ་དེའི་དོན་དངོས་དང་བསྟུན་ཁར་ཞིང་འབྲོག་ནགས་སོགས་ཀྱི་ལས་དོན་མི་སྣ་གདན་དྲངས་ནས་ཇུས་བཏོན་རོགས་བྱས་ཡོད། ཞིང་ལས་ཐོན་སྐྱེད་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་འབྲུ་རིགས་ལ་ཐོན་འཕར་ཡོང་ཆེད། ལས་དོན་རུ་ཁག་གིས་ད་དུང་ཐོན་འབབ་དམའ་བའི་ཞིང་ཁ་སྒྱུར་བཀོད་བྱེད་པའི་རྣམ་གྲངས་རེ་ཞུ་ཧུར་ཐག་བྱས་པ་དང་གོང་རིམ་ཞིང་ལས་གསར་སྤེལ་སྡེ་ཚན་གྱིས་མཐུན་སྦྱོར་བྱས་པ་བརྒྱུད་ཐོན་འབབ་དམའ་བའི་ཞིང་ཁ་མུའུ500སྒྱུར་བཀོད་ལ་མ་དངུལ་སྒོར་ཁྲི70སྤྲད་པ་དག ཞིང་ནང་གི་ལུད་དང་། ཆུ་འདྲེན་སྒྲིག་ཆས། ས་ཞིང་ཁོད་སྙོམས་རྒྱུ་སོགས་ཐད་སྤྱད་དེ་གྲོང་ཚོ་དེའི་ཞིང་ལས་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ་དང་ཞིང་ལས་ཡོང་འབབ་འཕར་རྒྱུར་ཆ་རྐྱེན་བསྐྲུན་ཡོད་པ་རེད།

གྲོང་ཚོའི་ནགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ནགས་ཚལ་རྒྱ་ཁྱོན་ཆེ་རུ་བཏང་ནས་མང་ཚོགས་ལ་ཕན་པ་ཐོབ་ཆེད། 2015ལོའི་ཟླ་བཞི་པར་ལས་དོན་རུ་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྦྱར་ཤིང་དང་རྒྱ་ཅང་གི་ཤིང་སོན་རྐང35000བཙུགས་པ་དང་འབྲེལ་ནགས་ལས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་གྲོང་ཚོ་དེར་རིན་མི་དགོས་པར་སྦྱར་ཤིང་གི་སོན་རྐང1500མཁོ་འདོན་བྱས་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།