སྐབས་དང་པོའི་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་ཀྱི་སྤུས་ལེགས་བཞོན་མ་ལེགས་འདེམས་བྱེད་སྒོ།
ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏིང་ཟབ་ཐད་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱི་བ་གླང་སྤུས་ལེགས་བསྒྱུར་བའི་ལག་རྩལ་རྒྱ་ཁྱབ་གཏོང་བའི་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས། དེང་རབས་འོ་ཞོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཧུར་ཐག་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་བཏང་སྟེ། རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་བའི་ས་གཙང་བདེ་ཐང་འོ་ཞོའི་ཐོན་ལས་ཀྱི་ཐོན་སྐྱེད་ལས་སྣོན་རྟེན་གཞི་འཛུགས་པའི་ཆེད་དུ། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། ལྷ་ས་གྲོང་ཁྱེར་གྱིས་སྐབས་དང་པོའི་ས་གཙང་བདེ་ཐང་ཐོན་ལས་ཀྱི་སྤུས་ལེགས་བཞོན་མ་ལེགས་འདེམས་བྱེད་སྒོ་སྤེལ་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་འཆར་འགོད་ཀྱི་བླང་བྱ་གཞི་བྱས་ཏེ། ས་གཙང་བདེ་ཐང་འོ་ཞོ་ལས་རིགས་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་གཏོང་བ་དམིགས་ཡུལ་དུ་བཟུང་ནས། བཞོན་མ་ལེགས་འདེམས་བྱེད་སྒོ་སྤེལ་བ་བརྒྱུད་དེ། གསོ་བདག་གིས་དེང་རབས་ཀྱི་བཞོན་མ་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བ་དང་། ཐོན་སྐྱེད་དང་ཡོང་འབབ་ཁ་སྣོན་ཡོང་བར་སྐུལ་འདེད་བཏང་། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམས་པས་སྤུས་ལེགས་བཞོན་མ་དར་མ་དང་བ་གླང་རྒྱུད་བཟང་གི་ཕྱི་གཟུགས་ཁྱད་ཆོས་དང་། འོ་ཐོན་བྱེད་ནུས་སོགས་ཕྱོགས་མང་པོའི་ཐད་ནས་སྐར་གྲངས་བརྒྱབ་པ་རེད། ཆེས་མཇུག་མཐར། ཉིང་རི་ཤང་གི་གསོ་སྤེལ་ཁུལ་གྱི་བསྟན་འཛིན་དངུལ་སྒྲོན་ཚང་གི་བཞོན་མ་ཚོའི་སྤྱིའི་བསྡུར་སྐར་ཨང་དང་པོ་ཡིས་དམིགས་བསལ་བྱ་དགའ་ཐོབ་ལ། སངས་ཆོས་དང་བསོད་ནམས་ཐར་ཆེན། བསྟན་པ་འཕྲིན་ལས་ཚང་བཅས་ཀྱི་བཞོན་མར་བྱ་དགའ་ཨང་དང་པོ་ཐོབ་པ་རེད། ཐེངས་འདིའི་བྱེད་སྒོ་སྤེལ་ཡུན་ལོ་གསུམ་ཡིན་པ་དང་། ལོ་རེར་ཐེངས་གཅིག་སྤེལ་བ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།
ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་ཀྱི་སྤུས་ལེགས་བཞོན་མ་ལེགས་འདེམས་བྱེད་སྒོ་ཐོག་མ་སྤེལ།