ད་ལོའི་ཟླ ༨ པར། གངས་ཅན་སྡོད་ཁང་འཛུགས་སྐྲུན་རྒྱུ་ཆས་ཚོང་རའི་ཕྱི་སྒྲོམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ནས་སྤེལ། དེ་ནི་མཚོ་ལྷོ་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་རྒྱུ་ཆས་ཚོང་ར་ཐོག་མ་ཡིན་ལ། ས་གནས་དེར་སྡོ

ད་ལོའི་ཟླ ༨ པར། གངས་ཅན་སྡོད་ཁང་འཛུགས་སྐྲུན་རྒྱུ་ཆས་ཚོང་རའི་ཕྱི་སྒྲོམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ནས་སྤེལ། དེ་ནི་མཚོ་ལྷོ་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་རྒྱུ་ཆས་ཚོང་ར་ཐོག་མ་ཡིན་ལ། ས་གནས་དེར་སྡོད་ཁང་འཛུགས་སྐྲུན་རྒྱུ་ཆས་ཚོང་ར་མེད་པའི་ལོ་རྒྱུས་མཇུག་རྫོགས་ཏེ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་མི་སེར་གྱི་འཚོ་བར་སྟབས་བདེ་དང་། ལས་ཞུགས་ཁ་སྣོན། ཚོང་ལས་གོ་སྐབས་སྐྲུན་པ། ཚོང་ར་དར་རྒྱས་གཏོང་བ་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་གངས་ཅན་སྤྱི་གཉེར་ཁང་གི་རྐང་བདག་ལྷན་ཚོགས་ཀྱི་འགོ་འཛིན་བསོད་ནམས་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། གངས་ཅན་སྡོད་ཁང་འཛུགས་སྐྲུན་རྒྱུ་ཆས་ཚོང་ར་ཡིས་སློབ་ཆེན་སློབ་མ་ལས་རིགས་གསར་གཏོད་མཁན་ལ་རིན་མེད་དུ་ཚོང་ཁང་མཁོ་འདོན་བྱས་ཏེ། རང་སྒེར་གྱིས་ལས་རིགས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་རྩིས་ཡོད། དོན་དག་དེ་ནི་སློབ་གསོ་ཅུས་སོགས་འབྲེལ་ཡོད་སྡེག་ཁག་ལ་གྲོས་མོལ་བྱེད་བཞིན་པའི་སྒང་ཡིན་ཟེར། བསོད་ནམས་རྡོ་རྗེ་ཡིས་དོན་དག་དེའི་ཐད་ལ་སྲིད་གཞུང་སྡེ་ཁག་དང་སྤྱི་ཚོགས་ལས་རིགས་ཁག་སོ་སོས་རྒྱབ་སྐྱོར་ཐོབ་པར་རེ་བཞག་བྱས་ཡོད། དེ་ལས་གཞན། གངས་ཅན་སྡོད་ཁང་འཛུགས་སྐྲུན་ཚོང་ར་ཡིས་ད་དུང་མཚོ་ལྷོ་ཁུལ་ཆེད་ལས་ལག་རྩལ་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ། སློབ་གྲྭ་དེའི་ཐུན་མིན་ལག་རྩལ་ལ་བརྟེན་ནས་རྒྱུ་ཆས་ཚོང་ར་ནས་ཆེད་དུ་བོད་ཀྱི་སྲོལ་རྒྱུན་ཁྱིམ་ཆས་ལག་ཤེས་རྐོ་བཟོ་ཆེད་ཚོང་ཁང་བཙུགས་ཏེ། ཕྱོགས་གཅིག་ནས་སློབ་གྲྭའི་སློབ་མ་དག་ལ་ལག་ལེན་གོ་སྐབས་མཁོ་འདོན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རང་མི་རིགས་ཀྱི་ཚོང་རྟགས་བཞེངས་བསྐྲུན་བྱས་ཏེ། ཁྱིམ་ཆས་ལས་རིགས་སྔར་ལས་ཕུན་སུམ་ཚོགས་པར་བཏང་ནས། ས་གནས་དེ་གའི་མང་ཚོགས་ཀྱི་དགོས་མཁོ་བསྐང་རྩིས་ཡོད་པ་རེད།

5.jpg

ཁེ་ལས་པ་བསོད་ནམས་རྡོ་རྗེ། 

ཉེ་བའི་ལོ་འགའི་རིང་དུ། མཚོ་སྔོན་གངས་ཅན་སྤྱི་གཉེར་ཁང་འཕེལ་རྒྱས་མགྱོགས་པ་དང་། ཁང་སའི་ཐོན་ལས་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་མ་ཟད། ད་དུང་རིག་གནས་དང་ཡུལ་སྐོར། འཛུགས་སྐྲུན་རྒྱུ་ཆ། ཟས་རིགས་སོགས་ཁྱབ་ཁོངས་དང་འབྲེལ་ཡོད། གསར་དུ་བཟོས་པའི་དུ་བ་མེད་པའི་མཆོད་མེ་དང་སྤུས་ལེགས་གཏེར་ཆུ། གཞན་ད་དུང་བོད་སྐད་ཀྱི་ཡུལ་སྐོར་ལས་དོན་ཁང་སོགས་ཚང་མར་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཐོབ་བཞིན་ཡོད། ཁང་སའི་ཐོན་ལས་ནི་མཚོ་སྔོན་གངས་ཅན་སྤྱི་གཉེར་ཁང་གི་ཐོན་ལས་གཙོ་བོ་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོར་རྣམ་གྲངས་ཆེ་ཆུང་མང་པོ་གཉེར་བཞིན་ཡོད། དཔེར་ན་ཟི་ལིང་དང་ཡུལ་ཤུལ། རྨ་ལྷོ། མཚོ་ཤར། མཚོ་ལྷོ་སོགས་ཚང་མར་གྲུབ་འབྲས་ཆེན་པོ་བཞག་ཡོད། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ནི་བསོད་ནམས་རྡོ་རྗེའི་ཕ་ཡུལ་ཡིན་པས། ཁོ་རང་ས་གནས་དེ་གའི་ཁང་སའི་ཐོན་ལས་གསར་སྤེལ་ཐད་ལ་ལྷག་ཏུ་བརྩེ་བ་ཟབ་མོ་ལྡན། སྔ་རྗེས་སུ་ཅིན་ཨན་འདུས་སྡོད་ཁུལ་དང་བདེ་སྐྱིད་སྡེ་བའི་འདུས་སྡོད་ཁུལ།

白塔.jpg

བདེ་སྐྱིད་མཆོད་བརྟེན།

酥油灯.jpg

དུ་མེད་མཆོད་མེ།

楼.jpg

གངས་ཅན་སྡོད་ཁང་འཛུགས་སྐྲུན་རྒྱུ་ཆས་ཚོང་ར། 

གཞན་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་གངས་ཅན་སྣ་འཛོམས་ཐོག་ཁང་དང་། གངས་ཅན་རྒྱལ་སྤྱིའི་གྲོང་ཁྱེར་སྣ་འདུས་ཁང་སོགས་ཚང་མར་གྲུབ་འབྲས་ཆེན་པོ་ཐོབ་ངེས་ཡིན་པ་རེད། བདེ་སྐྱིད་མཆོད་རྟེན། དུ་མེད་མཆོད་མེ། འདུས་སྡོད་ཁུལ་གྱི་འཛུགས་སྐྲུན་འཆར་འགོད་རི་མོ། ཁེ་ལས་གཅིག་གིས་ཕྱིར་མངོན་པའི་རིག་གནས་སྣང་བརྙན་དང་ཆེས་མཇུག་མཐར་སྤྱི་ཚོགས་སུ་བཀྲམ་བའི་ཚོང་རྫས་སོགས་ནི་ཁེ་ལས་དེའི་དོ་དམ་པའི་རིན་ཐང་ལྟ་བ་དང་མི་ཚེའི་ཉམས་མྱོང་སོགས་ལ་འབྲེལ་བ་ཡོད། བསོད་ནམས་རྡོ་རྗེ་ནི་མི་སེར་དཀྱུས་མའི་ཁྱིམ་དུ་སྐྱེས་པའི་བྱིས་པ་ཞིག་ཡིན་པའི་ཆ་ནས། ཁོ་རང་བབ་ཆགས་དང་ནན་མོ་ཞིག་ཡིན་པ་མ་ཟད། རྒྱུན་འཁྱོངས་དང་འབད་བརྩོན་ལ་བརྟེན་ནས་ད་ལྟའི་གྲུབ་འབྲས་ཐོབ་པ་རེད། བསོད་ནམས་རྡོ་རྗེ ༡༩༧༢ ལོར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་དུ་སྐྱེས་ཤིང་། ༡༩༨༩ ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གླིང་ནས་མཐར་ཕྱིན་ལ། སྔོན་ཆད་སློབ་གསོ་དང་སྲིད་འཛིན། སྲིད་ཁྲིམས་སོགས་ཀྱི་ལས་ཀ་གཉེར་མྱོང་། ༡༩༩༨ ལོར་ལས་ཀ་དོར་ནས་བོད་ལྗོངས་སུ་ཚོང་ལས་གཉེར་དུ་ཕྱིན། ༢༠༠༠ ལོར་ཕྱིར་མཚོ་སྔོན་ཟི་ལིང་དུ་ཕྱིར་ལོག་སྟེ་གྲོགས་པོ་དང་མཉམ་དུ་ཁང་སའི་ཚོང་ལས་གཉེར། ༢༠༠༤ ལོར་ཕ་ཡུལ་འཛུགས་སྐྱོང་བྱ་རྒྱུའི་སེམས་འདུན་བཅངས་ཏེ་ཟི་ལིང་གི་གྲོང་ཁྱེར་གྱི་འཚོ་བ་རྒྱབ་ཏུ་བསྐྱུར་ནས་ཕྱིར་རང་ཡུལ་དུ་ལོག་སྟེ་ཁང་སའི་ཚོང་ལས་གཉེར་འགོ་བརྩམས། མིག་སྔར་ཁོང་གིས་མཚོ་སྔོན་གངས་ཅན་མ་གཏོང་དོ་དམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་རྐང་བདག་ལྷན་ཚོགས་ཀྱི་འགོ་འཛིན་གྱི་ལས་འགན་འཁུར་ཞིང་། སྤྱི་གཉེར་ཁང་དེ་ཡིས་མཚོ་ལྷོ་ཁུལ་ཅིན་ཆེན་གྲོང་རྡལ་གསར་སྤེལ་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་། མཚོ་སྔོན་གངས་ཅན་ཁང་སའི་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་། ཟི་ལིང་དྲྭ་རྒྱའི་ཆ་འཕྲིན་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་དག་མཉམ་དུ་གཅིག་བསྡུས་བྱས་ཏེ། ༢༠༡༠ ལོར་གསར་ཏུ་བཙུགས་ཤིང་མཚོ་བོད་མཐོ་སྒང་གི་དགེ་མཚན་ལྡན་པའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་གཙོ་བྱས་པའི་དམངས་གཉེར་ཁེ་ལས་ཞིག་ཡིན། ད་ལྟ་ཡོངས་སུ་མ་དངུལ་གཏོང་འཇོག་དང་མ་རྐང་ཚོད་འཛིན་སྤྱི་གཉེར་ཁང་བཅུ་ལྷག་ཡོད། སྔོན་ཆད་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི"གན་རྒྱ་བརྩི་ཞིང་ཡིད་སྟོན་ཆེ་བའི"ཁེ་ལས་ཀྱི་མཚན་སྙན་དང་། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་མཐུན་ཚོགས་ཀྱིས"ཡིད་སྟོན་ཆེ་བའི་སྔོན་ཐོན་སྡེ་ཁག"གི་མཚན་སྙན་གནང་ཞིང་།"ཡིད་སྟོན་ཆེ་བའི་སྔོན་ཐོན་སྡེ་ཁག"ལ་དཔྱད་འདེམས་སོགས་བྱས་ཡོད། རྐང་བདག་ལྷན་ཚོགས་ཀྱི་འགོ་འཛིན་བསོད་ནམས་རྡོ་རྗེས་སྣེ་ཁྲིད་འོག་ཏུ། མཚོ་སྔོན་ཞིང་ཆེན་གངས་ཅན་སྤྱི་གཉེར་ཁང་གིས་ས་གནས་དཔལ་འབྱོར་འཛུགས་སྐྱོང་དང་ཕ་ཡུལ་གྱི་གཉེན་མི་དག་ལ་བྱས་རྗེས་མང་པོ་བཞག་ནས། གཟེངས་བསྟོད་དང་ཡིད་སྟོན་སྔར་ལས་ཇེ་ཆེར་འགྱུར་ཐུབ་པར་ཡིད་ཆེས་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།