འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་རྒྱལ་རྩེའི་ཁ་གདན།

ཁ་གདན།.jpg

རྒྱལ་རྩེ་ཁ་གདན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་འགེལ་རུམ་ཡིན་པ།བོད་ཀྱི་བསླེས་འཐག་ལག་རྩལ་གྱི་ལོ་རྒྱུས་ཧ་ཅང་རིང་བའི་ཁྲོད་བོད་རུམ་དང་པང་གདན་ནི་མིང་གྲགས་ཆེ་ཤོས་ཡིན་པ་དང་ལྷག་དོན་དུ་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེ་རྫོང་ནི་བོད་ཀྱི་ཁ་གདན་གྱི་ཕ་ཡུལ་དུ་གྲགས་པ་མ་ཟད། རྒྱལ་རྩེའི་བོད་རུམ་དང་། ཐུར་ཁེའི་རུམ། ཏ་ཟིག་གི་རུམ་བཅས་ལ་འཛམ་གླིང་གི་གྲགས་ཅན་རུམ་གྱི་མཚན་སྙན་ཐོབ་ཡོད་པ་རེད། རྒྱལ་རྩེའི་ཁ་གདན་གྱི་ལོ་རྒྱུས་ཧ་ཅང་རིང་ཞིང་། སྤྱི་ལོའི་དུས་རབས།11པར་མྱང་ཆུ་གཙང་པོའི་དཀྱིལ་རྒྱུད་ཀྱི་པ་སྣམ་ཁུལ་དུ་དབང་ལྡན་གྲུམ་ཙེ་ཞེས་པ་ཞིག་ཐོན་པ་དེར་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། རྗེས་སུ་ས་གནས་དེ་བོད་ཀྱི་ཁ་་གདན་ཐོན་ཡུལ་གཙོ་བོར་གྱུར་བ་དང་ལག་རྩལ་ཡང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། ཁྱད་པར་སྐབས་དེར་ཆོས་ལུགས་དང་འཚོ་བའི་དགོས་མཁོའི་དབང་གིས་ཁ་གདན་འཐག་པའི་ལག་རྩལ་དང་ཚོན་རིས་སྤེལ་སྟངས་སྣ་ཚོགས་བྱང་ཆུབ་ནས་རྒྱུད་རིམ་ཅན་དུ་གྱུར་ཡོད། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་རྒྱལ་རྩེ་ས་ཁུལ་གྱི་ཁ་གདན་འཐག་མཁན་ལག་རྩལ་པ་ཚོས་སྲོལ་རྒྱུན་ལག་རྩལ་གྱི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་གསར་གཏོད་བྱས་པས་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒྱལ་རྩེའི་ཁ་གདན་གྱི་མིང་གྲགས་ཇེ་ཆེར་འགྲོ་ཐུབ་པ་བྱུང་བ་དང་ཁ་གདན་དང་། ས་གདན། འགེལ་རུམ་སོགས་ཐོན་རྫས་མི་འདྲ་བ་སྣེ་ཁ་བརྒྱ་ཙམ་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད།མིང་གོའི་དུས་སུ་དབྱིན་ཇིའི་ཚོང་པས་རྒྱལ་རྩེའི་ཁ་གདན་ལ་ཚོང་ལས་ཀྱི་རིན་ཐང་ཆེན་པོ་ཡོད་པ་ཤེས་ནས་ཡུལ་དེ་གར་བཟོ་གྲྭ་ཆུང་ངུ་ཞིག་དང་སློབ་གྲྭ་ཞིག་བཙུགས་ནས་ཁ་གདན་གྱི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་ཀྱིས་ཡོ་རོབ་ཏུ་འདྲེན་ཚོང་ཡང་བྱས་ཡོད་པ་རེད། ལྷག་པར་དུ་ས་སྐྱའི་སྲིད་དབང་དུས་སུ་རྒྱལ་རྩེའི་ཁ་གདན་ཐོན་སྐྱེད་བྱ་རྒྱུ་འཕེལ་རྒྱས་ཆེན་པོ་ཕྱིན་ནས་རྒྱལ་བ་སྐུ་ཕྲེང་ལྔ་པའི་དུས་སུ་སླེབས་སྐབས་རྒྱལ་རྩེའི་གྲོང་མི་ཕྱེད་ཀ་ཙམ་གྱིས་ཁ་གདན་འཐག་པའི་ལག་རྩལ་ཤེས་པར་གྱུར་ཡོད་པའི་ཐོག རྒྱལ་རྩེའི་ཁ་གདན་འཐག་ལས་ཐད་ཕུལ་དུ་བྱུང་བའི་ལག་རྩལ་ལྡན་པ་དང་ཁ་གདན་གྱི་སྤུས་ཀ་ལེཌ་ལ་མཛེས་ཉམས་དོད་པར་བརྟེན་མིང་དོན་མཚུངས་པའི་འཛམ་གླིང་གི་གྲགས་ཅན་རུམ་གྱི་མཚན་སྙན་དེ་བཏོད་ཐུབ་པ་བྱུང་ཡོད། རྒྱལ་ཁབ་རིམ་པའི་བོད་རུམ་འཐག་རྩལ་གྱི་རྒྱུན་འཛིན་པ་སྤེན་་རྡོར་ནི་རྒྱལ་རྩེ་ཁ་གདན་བཟོ་གྲྭའི་དབུ་འཛིན་པ་ཡིན་ཞིང་། ཁོང་ནི་ཆུང་དུས་ནས་རི་མོ་མཛེས་ལ་འཚོ་བའི་ནང་སྤྱོད་གོ་ཆེ་བའི་ཁ་གདན་ལ་དགའ་ཞེན་ཆེ་བས་དེའི་དབང་གིས་ཁ་གདན་དང་ལས་དབང་དམ་པོར་སྦྲེལ་ནས་སྔ་རྗེས་སུ་རྒྱལ་རྩེའི་ཁ་གདན་བཟོ་གྲྭའི་ལག་རྩལ་འཁོར་ཁང་གི་ཀྲུའུ་རེན་དང་རི་མོ་འཆར་འགོད་པ་སོགས་ཀྱི་འགན་འཁུར་ཞིང་། ཁོང་གི་སྣེ་ཁྲིད་འོག་ཁ་གདན་བཟོ་གྲྭའི་གོང་འོག་ཀུན་གྱིས་སྲོལ་རྒྱུན་ལག་རྩལ་གྱི་རྨང་གཞིའི་ཐོག་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་ལག་རྩལ་སྒྱུར་བཅོས་བྱས་པས་རྒྱལ་རྩེའི་ཁ་གདན་དེ་སྐད་གྲགས་གནམ་འོག་ལ་ཆོད་པའི་མི་རིགས་ལག་ཤེས་ཀྱི་སྤུས་རྟགས་ཐོན་རྫས་ཤིག་ཏུ་གྱུར་ཡོད། ལྷག་དོན་དུ་དབུ་འཛིན་སྤེན་རྡོར་ངོ་མས་ཇུས་འགོད་དང་འཐག་ལས་བྱས་པའི《ཕོ་བྲང་པོ་ཏ་ལ》དང《ལྕགས་རི་རིང་པོ》 《འབྲི་ཆུའི་ཟམ་ཆེན》 《འབྲོག་ཁུལ་གྱི་རྣམ་པ》ཞེས་པ་སོགས་ཀྱིས་མཚོན་པའི་བོད་བཟོའི་འགེལ་རུམ་བཏགས་པར་ལས་རིགས་དེའི་ཁྱབ་ཁོངས་སུ་གནམ་ས་གསར་པ་ཞིག་བཏོད་ནས་བོད་རུམ་གྱི་གནས་བབ་དེ་བས་གོང་མཐོར་བཏང་བ་མ་ཟད། 1997ལོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་ཟོག་གི་འགྲན་བསྡུར་ཆེ་མོའི་ནང་ཐོན་ཟོག་རྩེར་སོན་གྱི་བྱ་དགའ་ཐོབ་ནས་བོད་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་ཀྱི་མིང་གྲགས་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།རྒྱལ་རྩེའི་ཁ་གདན་གྱིས་ལོ་ངོ་བརྒྱ་ཕྲག་གོང་གི་བོད་ཀྱི་དམངས་ཁྲོད་འཐག་ལས་སྒྱུ་རྩལ་གྱི་ལོ་རྒྱུས་མཚོན་ཞིང་། དེའི་རི་མོ་དང་། བཟོ་རྩལ། ཚོས་དོག ཇེམ་རྒྱག་སོགས་ཚང་མའི་ཐད་དམིགས་བསལ་གྱི་ལག་རྩལ་ཁྱད་ཆོས་ལྡན་པའི་ཁར། རྒྱལ་རྩེའི་ཁ་གདན་ལ་བཟོ་སྤུས་དག་ལ། ཚོས་གཞི་དྭངས་བ། ངོས་འཇམ་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་རྒྱལ་རྩེའི་ཁ་གདན་དེ་ད་ཆ་བོད་ཀྱི་རྩ་ཆེའི་ཡུལ་སྐོར་ཐོན་ཟོག་ཞིག་ཏུ་གྱུར་ཡོད།རྒྱལ་རྩེའི་ཁ་གདན་གྱི་ལོ་རྒྱུས་རིང་བ་དང་། ཐོན་རྫས་རིགས་མང་བ། སྤུས་ཀ་དག་ལ་སྤྱོད་ཤན་ཆེ་བ་བཅས་ཡོད་པས2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2011ལོར་བོད་ལྗོངས་རྒྱལ་རྩེ་ཁ་གདན་བཟོ་གྲྭ་དེ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དཔེ་སྟོན་རྟེན་གཞིར་བདམས་ཡོད། རྒྱལ་རྩེ་ཁ་གདན་བཟོ་གྲྭས་དམིགས་བསལ་ཐོན་ཟོག་དེའི་ལེགས་ཆ་སྲུང་འཛིན་གང་ལེགས་བྱེད་ཆེད་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དུས་རབས་འཕེལ་རྒྱས་དང་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་གསར་གཏོད་རང་བཞིན་གྱི་ཐོན་སྐྱེད་བྱ་ཐབས་སྤྱད་པས་སྒྱུ་རྩལ་རིན་ཐང་དང་བེད་སྤྱོད་རིན་ཐང་ཚང་མའི་ཐད་འཕེལ་རྒྱས་དང་ཚད་བརྒལ་གསར་པ་བྱུང་ཡོད། དེ་ནི་ལོ་རྒྱུས་རིང་བའི་རྒྱལ་རྩེའི་ཁ་གདན་གྱི་མིང་གྲགས་དེ་མི་ལོ་བརྒྱ་ཕྲག་རིང་མི་ཉམས་པར་གནས་པའི་བླ་སྲོག་གནས་ས་དེ་ཡིན་པ་སྨོས་ཅི་དགོས།ཁ་བྱང་ཕྱི་མོ། འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་རྒྱལ་རྩེའི་ཁ་གདན།།   

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།