ཆུར་བ་ཡིས་འབྲོག་པ་ཁྲི་བཅུ་ལྷག་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།

      ཀན་སུའུ་ཧྭ་ལིན་ཁེ་ལས་ཚོགས་ཁག་གིས་མཚོ་བོད་མཐོ་སྒང་གི་འབྲོག་པ་རྣམས་ཀྱིས་ཆུད་ཟས་སུ་བཏང་བའི་ཆུར་བ་དེ་བྲིན་ཆེ་བའི་ཚོང་རྫས་སུ་བསྒྱུར་ཏེ་རྒྱལ་ཁབ་མང་པོ་ལ་ཕྱིར་གཏོང་བྱས།  ལོ་ངོ་ཉི་ཤུའི་རིང་གི་འཕེལ་རྒྱས་ཁྲོད།  ཧྭ་ལིན་ཚོགས་ཁག་ནི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་ཆུར་བའི་གནས་གཞི་གཙོ་བོ་ཡིན་པ་དང་ཆབས་ཅིག  ཀན་སུའུ་དང་མཚོ་སྔོན།  སི་ཁྲོན་དང་ལྷ་ས་བཅས་ཞིང་ཆེན་འདི་དག་གི་བོད་མི་ཁྲི་བཅུ་ལྷག་གི་ཡོང་འབབ་ལྡབ་འགྱུར་གྱིས་འཕེལ་བར་བཏང་སྟེ་འཚོ་བའི་སྤུས་ཀ་མངོན་གསལ་གྱིས་མཐོ་རུ་འཕགས།  ཆུར་བ་ནི་བོད་པ་རྣམས་ཀྱི་རྒྱུན་ཟས་གལ་ཆེན་ཞིག་ཡིན་ཞིང་།  དེ་ལ་ཟ་མ་འཇུ་བའི་ནུས་པ་ཡང་ལྡན་པས་འབྲོག་པ་རྣམས་ཀྱིས་ཆུར་བའི་མོག་མོག་དང་བག་ལེབ་བཟོ་སྲོལ་ཡང་མཆིས།  ཧྭ་ལིན་ཚོགས་ཁག་མ་བཙུགས་པའི་ཡར་སྔོན་དུ། ཆུར་བ་ནི་ས་གནས་རང་གི་རྒྱུན་ཟས་ཡིན་པ་དང་།  རྒྱ་མ་གང་ལ་སྒོར༢.༤ཡས་མས་ཡིན།  བཞོན་མ་མང་པའི་ཁྱིམ་ཚང་ཁ་ཤས་ཀྱིས་ཆུར་བ་ལྷག་མ་མང་པོ་ཆུད་ཟས་སུ་གཏོང་བའི་སྣང་ཚུལ་ནི་ཧ་ཅང་རྒྱུན་ལྡན་ཡིན།   དུས་རབས་སྔོན་མའི་ལོ་རབས་དགུ་ཅུའི་སྟོད་དུ།  ཧྭ་ལིན་ཚོགས་ཁག་གི་གཙོ་འཛིན་མིང་ཝུན་ཞང་གིས་ཆུར་བའི་རིན་ཐང་རྙེད་པས།   ཆུར་བ་ལས་སྣོན་བྱ་བའི་བློ་སེམས་སྐྱེས་རྗེས།  འཇོན་ཐང་མི་སྣ་བསྡུ་ལེན་བྱས་ནས་ལས་ལམ་གསར་འབྱེད་བྱས་ཏེ།   འོ་མར་ལས་སྣོན་བཟོས་ནས་སྤྲི་དཀར་རིགས་ཀྱི་ཆུར་བའི་ཐོན་རྫས་བཏོན་རྗེས་ལོ་དེར་ཁེ་སྤོགས་མཐོན་པོ་ཐོབ།  ཧྭ་ལིན་ཚོགས་ཁག་གི་སྐུལ་ཁྲིད་འོག   ད་ལྟ་ཆུར་བའི་རིན་གོང་ནི་ཆེས་མཐོ་བ་རྒྱ་མ་གང་ལ་སྒོར༡༠༤ལ་བསླེབས་པ་དང་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར༤.༥ཡིན།  ཆུར་བའི་ཡོང་སྒོ་ནི་འབྲི་མར་གྱི་ཡོང་སྒོ་ལས་རིང་དུ་བརྒལ་འདུག་པས་རྒྱ་ཆེའི་བོད་ཁུལ་གྱི་འབྲོག་པ་རྣམས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་འདུགཐོན་རྫས་རྒྱུ་ཆའི་མཁོ་འདོན་དེ་ཡུན་རིང་དང་བརྟན་འཇགས་སུ་འགྱུར་ཆེད།  སྤྱི་ལོ༢༠༠༡ལོ་ནས་བཟུང་། ཧྭ་ལིན་ཚོགས་ཁག་གིས་བསང་ཆུ་དང་རྨ་ཆུ།  ཀླུ་ཆུ་དང་གཙོས་གྲོང་ཁྱེར་བཅས་ནས་ས་གནས་དེ་གའི་འབྲོག་པ་རྣམས་དང་ཉོ་འཚོང་གན་རྒྱ་བཞག་ཏེ་བརྟན་འཇགས་ལྡན་པའི་རྒྱུ་ཆའི་མཁོ་འདོན་གནས་གཞི་དངོས་སུ་བཙུགས་རྗེས།  ལས་ཁུངས—གནས་གཞི—ཁྱིམ་ཚང་གི་ཐོན་ལས་རང་བཞིན་གྱི་གཉེར་ཚོང་རྣམ་པ་དེ་རྒྱལ་ཁའི་ངང་མངོན་འགྱུར་བྱུང་སྟེ་ཐོན་ལས་རང་བཞིན་གྱི་འཕེལ་རྒྱས་གནས་བབ་ཆགས།  ལོ་ངོ་ཉི་ཤུའི་རིང་ལ།   ཧྭ་ལིན་ཚོགས་ཁག་ནི་མིང་མེད་ཉམས་ཆུང་གི་ཁེ་ལས་ཞིག་ནས་རྒྱལ་ནང་གི་ཆུར་བའི་སྤྲི་དཀར་ལས་རིགས་ཁྲོད་ཀྱི་སྔོན་ཐོན་ཁེ་ལས་ཆེན་པོ་ཞིག་ཏུ་གྱུར་འདུག   ད་སྔ་རྒྱལ་ནང་དུ་ཆུར་བའི་སྤྲི་དཀར་གྱི་ཚོང་རྟགས་མིང་དང་ལྡན་ལ།  ཐོན་རྫས་ནི་ཡོ་གླིང་དང་ཨ་རུ།  ཨེ་ཤ་ཡའི་ཤར་ལྷའི་ས་ཁུལ་སོགས་རྒྱལ་ཁབ་དང་ས་གནས་དག་ལ་ཕྱིར་འཚོང་བྱས་པ་དང་།  རྒྱལ་སྤྱིའི་ཚོང་རའི་ནང་དུ་ཀྲུང་གོའི་ཆུར་བའི་སྤུས་ཀའི་ཚད་ལྡན་དང་རིན་གོང་སོགས་ཀྱི་དཔེ་འཛིན་ས་ནི་ཧྭ་ལིན་ཚོགས་ཁག་ཡིན།  ཧྭ་ལིན་ཚོགས་ཁག་གི་འགན་ཁུར་བས་བཤད་པ་ལྟར་ན།  མ་འོངས་པར་ཁྱད་ཆོས་ལྡན་པའི་ཐོན་ཁུངས་བཟང་ཤས་གཙོར་བཟུང་སྟེ་ཐོན་རྫས་ལས་སྣོན་གྲངས་ཀ་ཇེ་མཐོར་གཏོང་བ་དང་།   སྤྱིའི་མ་རྩ་སྒོར་དུང་ཕྱུར༢.༨འཇོག་པའི་ཆུར་བ་གཏིང་ཟབ་བཟོ་སྣོན་བརྒྱག་པའི་ལས་གཞིའི་འཆར་གཞི་དེ་ལག་བསྟར་གནང་སྟེ།  ཐོན་ལས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ནས་ཆུར་བའི་ཉོ་འཚོང་རིན་གོང་ལྡབ་གཉིས་ཀྱིས་འཕར་བའི་དམིགས་འབེན་མངོན་འགྱུར་བྱུང་དགོས།  ལས་གཞི་དེ་དངོས་སུ་ཚུགས་རྗེས།  ཧྭ་ལིན་ཐོན་རྫས་རིན་ཐང་དང་ཕྱིར་འཚོང་ཡོང་སྒོ་ནི་སྒོར་དུང་ཕྱུར༡༦.༧ལ་བསླེབས་པ་བརྩོན་ལེན་བྱེད་དགོས།   ཕྱིར་གཏོང་གི་ཕྱི་དངུལ་གཙང་ལོན་ཨར་སྒོར་དུང་ཕྱུར༡.༣༣ཡིན་པ་དང་།   འབྲོག་ཁྱིམ་ཁྲི་བཅོ་ལྔ་སྐུལ་ཁྲིད་དང་ཀན་ལྷོ་ཁུལ་ནས་འབྲོག་ཁྱིམ་ཁྲི་ལྔ་སྐུལ་ཁྲིད་གནང་ནས།  ཞིང་འབྲོག་པའི་ཁྱིམ་ཚང་སྐུལ་ཁྲིད་བྱས་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་༡༢.༦ལ་འཕར་འདུག  ཧྭ་ལིན་ཚོགས་པའི་སྐུལ་ཁྲིད་འོག  འབྲོག་ཁྱིམ་མང་པོ་ཞིག་གིས་སྔོན་ཆད་ལྟར་ཟོས་མི་ཚར་བའི་ཆུར་བ་ལྷག་མ་གང་འདོད་དུ་ཆུད་ཟས་སུ་མི་གཏོང་བར།  ཆུར་བ་ཁམ་གང་ཡིན་ཡང་གྲོན་ཆུང་བྱེད་པའི་འདུ་ཤེས་དྲག་པོར་ཆགས་འདུག   ཁོ་ཚོས་རང་གི་ཁྱིམ་ཚང་གི་ཆུར་བ་ཡུན་གྱིས་བསགས་ཏེ་ཡོང་འབབ་མཐོན་པོ་རེག་ནས་འཚོ་བའི་སྤུས་ཀ་ཇེ་མཐོ་དང་དཔལ་འབྱོར་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ལམ་ལ་འབད་བརྩོན་བྱེད་ཀྱིན་འདུག་གོ  ། ཁ་བྱང་ཕྱི་མོ། ཆུར་བ་ཡིས་འབྲོག་པ་ཁྲི་བཅུ་ལྷག་ཕྱུག་འགྱུར་གྱི་ལམ་དུ་ཁྲིད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།