“ཕྱུགས་ར་གསར་འཛུགས་བྱས་རྗེས། ཞིང་ཁྱིམ་གྱི་ལུག་གསོ་བ་དེ་སྔོན་རང་ཁྱིམ་ནས་གསོ་བ་ལས་སྟབས་བདེ་རུ་གྱུར།”ཅེས་མཚོ་སྔོན་པེ་དབྱང་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ཁུར་པ་མ་ཏེ་དབྱིས་ང་ཚོར་མཚམས་སྦྱོར་བྱས་ཤིང་། “ད་ལྟ་ཚད་ལྡན་ཅན་གྱི་ལུག་ར་སྨི་གྲུ་བཞི་མ11000ཅན19ཡོད་པ་དང་། རང་སྤེལ་རང་གསོ་ཁུལ་དང་ཚོ་གསོ་ཁུལ་གཉིས་སུ་བཀར་ཡོད། ད་ལྟ་ཤ་གཟན4800ཡོད་པ་དང་། སྐྱེ་འཕེལ་མ་མོ1500ཡོད། ན་ནིང་གི་ལོ་མཇུག་ལ་བསྡོམས་པས་སྐམས་ལུག3300བཤས་ཁོངས་སུ་བཏང་བ་དང་། ཕྱིར་འཚོང་ཡོང་སྒོ་སྒོར་ཁྲི542.5མངོན་འགྱུར་བྱུང་སྟེ། ཡོང་སྒོ་རྐྱང་བ་སྒོར་ཁྲི24.75མངོན་འགྱུར་བྱས།” མགྱོགས་མྱུར་ངང་གསོ་ར་བཙུགས་ནས་རྟེན་གཞིའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཆེད་དུ། ན་ནིང་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི47.5བཏང་ནས་རྟེན་གཞི་འཛུགས་སྐྲུན་ཐད་བཀོལ།
ཏ་ཐུན་ལུའུ་མིང་གསོ་སྐྱོང་ཆེད་ལས་མཉམ་ལས་ཁང་གི་སྒོ་ང་ཐོན་སྐྱེད་རྟེན་གཞིའི་བྱ་ཚང་དང་པོ་ནས། གསར་འགོད་པས་མཐོང་བ་ནི། བྱ་ཕོ17000སྟེང་འོག་བརྩེགས་རིམ4ཅན་གྱི“རང་འགུལ་གྱིས་ཆུ་དང་གཟན་ཆས་སྟེར་བ་དང་། རང་འགུལ་གྱིས་བྱ་རྟུག་གཙང་ཕྱགས་དང་། རང་འགུལ་གྱིས་དུག་སེལ་བ”སོགས་བྱེད་ཐུབ་པའི་རང་འགུལ་ཕྱེད་ཙམ་གྱི་བྱ་རིགས་ཚང་ནང་དུ་གསོས་ཡོད། གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན།རྟེན་གཞི་དེར་བསྡོམས་པས་ཧའེ་ལན་སྒོང་བྱ7000གསོས་པ་དང་ཚད་ལྡན་ཅན་གྱི་བྱ་ཚང6ཡོད་ཅིང་། སྒྲིག་བཀོད་ཆ་ཚང་ཡོད། རྟེན་གཞིའི་ལས་བྱེད་པ་ཡོན་ལགས་ཀྱིས་བཤད་རྒྱུར། “ད་ལྟ་ང་ཚོ་ལ་མཁོ་བ་ནི‘རང་འགུལ་གྱིས་སྒོ་ང་ལེན་ཐུབ་པ’ཡི་ལག་ཆས་རེད། དེ་ཡོད་ན་ང་ཚོས་ད་གཟོད་རང་འགུལ་ཅན་གྱིས་གསོ་སྐྱོང་བྱ་ཐུབ་ཟེར” ཁོས་གསར་འགོད་པ་ལ་བཤད་རྒྱུར། 2019ལོར་རྟེན་གཞི་བཙུགས་པ་ནས་བཟུང་། ཉིན་རེར་སྒོ་ང་རྒྱ་མ7000ཐོན་སྐྱེད་བྱེད་ཐུབ་ལ། ཟི་ལིང་གྲོང་ཁྱེར་དང་ཏ་ཐུན་རྫོང་དང་ཉེ་འཁོར་གྱི་སློབ་གྲྭ་དག་ལ་མཁོ་འདོན་བྱེད་བཞིན་ཡོད། ན་ནིང་གི་རྟེན་གཞི་དེས་ཁྲོམ་ར་ལ་སྒོ་ང་ཏུན1150འདོན་སྤྲོད་བྱས་ནས། ཡོང་སྒོ་རྐྱང་པ་སྒོར་ཁྲི120ལྷག་མངོན་འགྱུར་བྱས། རྟེན་གཞི་དེས2011ལོའི་ཟླ11པའི་ནང་ཞིང་ལས་སྡེ་ཁག་གིས་ཞིབ་གཤེར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཁག་དང་པོའི་སྒོ་ཕྱུགས་དང་ཁྱིམ་བྱ་ཚད་ལྡན་ཅན་གྱི་ཚོད་ལྟ་ར་བ་རུ་གཏན་འཁེལ་བྱས་པར་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པའི“མཚོ་སྔོན་སྔོ་རྩྭའི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་མཉམ་ལས་ཁང”རྟེན་གཞི་དང་པོ་ཡིན། གནས་གཞི་འཕེལ་རྒྱས་ཁྲོད་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་རོགས་སྐྱོར་མ་དངུལ་བསྡོམས་པས་སྒོར་ཁྲི100ལྷག་བཏང་།
ཉེ་བའི་ལོ་འགའི་རིང་ལ། “ཟི་ལིང་གྲོང་ཁྱེར་གྱི་ལྷད་མེད་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ལས་སྣོན་དང་མཁོ་འདོན་རྟེན་གཞི་གཙོ་བོ”འཛུགས་རྒྱུ་དེ་དམིགས་འབེན་བྱས་ཏེ། ཏ་ཐུན་རྫོང་གིས་ཚད་གཞི་ཅན་གྱི་འདེབས་གསོ་རྟེན་གཞིར་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས། མིག་སྔར་ཕྱུགས་ཟོག་སྤྱིལ་ཁང་ཁྲི3.76དང་སྨི་གྲུ་བཞི་མ་ཁྲི156ལ་སླེབས། ལོ་ཧྲིལ་པོར་བཤའ་ཁོངས་སུ་གཏོང་བའི་ཕྱུགས་ཟོག་ཁྲི39ལ་སླེབས་པ་དང་། “ཚོད་སླེ”ཡི་ཐོན་རྫས་འགན་སྲུང་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་གྱུར། སྲོག་ཆགས་ཀྱི་རིམས་ནད་འགོག་པ་དང་ཁོར་ཡུག་སྲོང་སྐྱོབ་ཆ་རྐྱེན་དང་མཐུན་པའི་གཞི་ཁྱོན་ཐན་གྱི་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་སྤེལ་ར་བ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། ད་ལྟ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ70བཙུགས་ཡོད།
ཧོང་ཀྲུང་རྫོང་དང་ཧོང་ཡོན་རྫོང་གཉིས་ཀྱིས་ཀྱང་ཉེ་བའི་ལོ་འགའི་རིང་ལ་མུ་མཐུད་དུ་གསོ་སྐྱོང་ཐོན་སྐྱེད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་རོང་ཁུལ་གྱི་གཞི་ཁྱོན་ཅན་གྱི་གསོ་སྤེལ་འཕེལ་རྒྱས་སུ་བཏང་། སྡོམ་རྩིས་བྱས་པ་ལྟར་ན། ཧོང་ཀྲུང་རྫོང་ལ་བསྡོམས་པས་གསོ་སྤེལ་རྟེན་གཞི་སྣ་ཚོགས110ཡོད་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ཁྱིམ་ཚང4113ལ་སླེབས་ཤིང་གསོ་སྤེལ་ཐར་ཐོར་ཁྱིམ་ཚང་ཁྲི3.2ལ་སྐུལ་ཁྲིད་བྱས། རྫོང་ཡོངས་ཀྱི་ཤ་དང་སྒོ་ང་། འོ་མ་སོགས་ཀྱི་ཐོན་ཚད་སོ་སོར་ཏུན་ཁྲི2.7དང་ཏུན2948ཏུན་ཁྲི7.35བཅས་ལ་སླེབས། ཧོང་ཡོན་རྫོང་གིས་ཧུར་བརྩོན་གྱིས་རོང་ཁུལ་གྱི་དེང་རབས་ཕྱུགས་ལས་དཔེ་སྟོན་རྫོང་ཞིག་འཛུགས་ཐབས་བྱས་པ་དང་། མིའི་ཐབས་ཀྱིས་རྩྭ་འདེབས་པ་བརྒྱུད་དེ་ཤུགས་ཆེན་པོས་གཞི་ཁྱོན་ཅན་གསོ་སྤེལ་དང་ཚད་ལྡན་ཅན་གྱི་གསོ་སྤེལ་འཕེལ་རྒྱས་སུ་བཏང་། 2013ལོར། རྫོང་ཡོངས་སུ་སྐམས་ཁྲི3.4དང་ལུག་ཁྲི20བཤས་ཁོངས་སུ་བཏང་བ་དང་། ཕག་ཁྲི4.4བཤས་ཁོངས་སུ་བཏང་། ཤ་རིགས་ཏུན10900དང་འོ་མ་ཏུན13000ཐོན་སྐྱེད་བྱས་པས། ཕྱུགས་ལས་ནི་ཧོང་ཡོན་རྫོང་གི་སྦས་ཤུགས་ཆེས་ཆེ་ཞིང་དཔལ་འབྱོར་འཕར་སྣེ་ཆེས་བཟང་བའི་ཕྱོགས་སུ་གྱུར་ཡོད།
ཞིང་ཆེན་ཞིང་ཕྱུགས་ཐིང་གི་ཐིང་ཀྲང་གཞོན་པ་མ་ཆིན་ཏེས་མཚམས་སྦྱོར་བྱས་དོན། ཟི་ལིང་གྲོང་ཁྱེར་གྱིས་རྩྭ་ར་བཀོལ་སྤྱོད་བྱེད་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི1.22%ཟིན་པའི་གནས་ཚུལ་འོག རང་འགུལ་གྱིས་ཕྱུགས་འཕྲི་ཞིང་སྣོན་དང་དུ་བླངས་ནས། “ཕྱུགས་རྩྭ་མཉམ་འགུལ”དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་འཛུགས་སྐྲུན་བྱས། 2013ལོར་མིའི་ཐབས་ཀྱིས་འཚོ་རྩྭ་མུའུ་ཁྲི40བཏབ་པ་དང་། སྔོ་རྩྭ་ཏུན་ཁྲི120ཐོན་སྐྱེད་བྱས། ལུག་རྩིས་གཞི་བྱས་ན་གཟན་རྩྭའི་ཚད་ཁྲི89འཕར་སྣོན་བྱུང་བས། “ཕྱུགས་རྩྭ་མཉམ་འགུལ”བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་སྔོན་གྲལ་དུ་ཚུད། ཕྱུགས་སྤྱིལ4000གསར་དུ་བསྐྲུན་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་རྟེན་གཞི་གསར་པ57བཙུགས། གྲོང་ཁྱེར་ཡོངས་སུ་རིམ་བསགས་བྱས་ན་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་རྟེན་གཞི་སྣ་ཚོགས289བཙུགས་པ་དང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི་ཚད་ལྡན་ཅན་གྱི་དཔེ་སྟོན་གསོ་སྤེལ་ར་བ15དང་། ཞིང་ཆེན་རིམ་པའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ175ཡོད། ཕྱུགས་བཀོལ་དྲོད་ཁང་སྨི་གྲུ་བཞི་མ་ཁྲི363ཡོད། མཚོ་སྔོན་གཙང་གསུམ་དབྱི་ལི་སྐམས་གསོ་ར་བ་དང་མཚོ་སྔོན་ཧྲིན་ཡ་མཐོ་སྒང་བཞོན་མའི་གསོ་སྤེལ་ར་བ། མཚོ་སྔོན་ཁྲང་ལིན་ཕག་ཕྲུག་རྒྱུད་སྤེལ་རྟེན་གཞི་སོགས་འཐུས་ཚབ་ཡིན་པའི་དེང་རབས་ཅན་གྱི་གསོ་སྤེལ་རྟེན་གཞི་གསུམ་བཙུགས་ཟིན། ཟི་ལིང་གྲོང་ཁྱེར་གྱི་ཤ་རིགས་ཐོན་ཚད་ནི་ཏུན་ཁྲི7.19དང་འོ་མའི་ཐོན་ཚད་ནི་ཏུན་ཁྲི14.21། བྱ་སྒོང་གི་ཐོན་ཚད་ཏུན་ཁྲི0.86བཅས་ཡིན། དེ་དག་གིས་སོ་སོར་ཞིང་ཆེན་ཡོངས་ཀྱི23%དང52%། 36%བཅས་ཟིན་ཡོད། མ་འོངས་པའི་ཟི་ལིང་གྲོང་ཁྱེར་གྱི་ཕྱུགས་ལས་ཐོན་སྐྱེད་ཐད་སྤུས་ལེགས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་དང་རྒྱུད་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས་པ་བརྒྱུད། ཧུར་བརྩོན་གྱིས་ཟི་ལིང་གི་སྐམས་ལུག“ལྡབ་འཕར་འཆར་གཞི”ལག་བསྟར་བྱས་ཏེ། བཤས་ཁོངས་སུ་གཏོང་བའི་སྐམས2000ཡན་དང་ཡང་ན་ལུག5000ཡན་གྱི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་འཛུགས་ཚད་ཇེ་མགྱོགས་སུ་བཏང་ཞིང་། ཕག་དང་བཞོན་མ། ཁྱིམ་བྱ་སོགས་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། རོང་ཁུལ་ཕྱུགས་ལས་ཀྱི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏོང་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
གཞི་ཁྱོན་ཅན་གྱི་གསོ་སྤེལ་ལ་བརྟེན་ནས་ཟི་ལིང་གི་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ།