​ཟས་རིགས་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་ནས་མང་ཚོགས་ལ་སེམས་བདེ་མོའི་ཟས་རིགས་འདེམ་དུ་འཇུག་དགོས།

མང་ཚོགས་ལ་མཚོན་ན་བཟའ་བཏུང་ནི་ནམ་ཡང་གཙོ་བོར་འཛིན་དགོས་པའི་བྱ་བ་ཞིག་ཡིན་ལ། ཟས་རིགས་བདེ་འཇགས་ཡིན་མིན་ནི་རྒྱ་ཆེའི་མང་ཚོགས་ཀྱིས་ནམ་ཡང་སེམས་ཁུར་བྱེད་ཀྱིན་པའི་བརྗོད་གཞི་ཞིག་ཡིན་པས། ཟས་རིགས་བདེ་འཇགས་མིན་པ་ལས་བྱུང་བའི་དོན་རྐྱེན་རེ་རེ་ནི། རྡེའུ་གཅིག་ཆུ་ལ་གཡུག་ན་ཆུ་རླབས་གྲངས་མེད་པ་འབྱུང་བའི་དཔེ་བཞིན་རེད། དཔེར་ན་ཉེ་སྔོན་པེ་ཅིན་དུ་ཉ་ཤ་ཚོང་སྒྲོམ་ནས་བླངས་པའི་གནས་ཚུལ་བྱུང་རྗེས། སྨྱན་བྱད་པ་མང་པོས་ཉ་ཤ་ཟ་མི་རུང་བའི་སྐོར་གྱི་རྩོམ་ཡིག་མང་པོ་སྤེལ་བས། ཉ་ཤ་གླེང་སྐབས་མི་རྣམས་སྐྲག་ནས་ངོ་མདོག་འགྱུར་འགྲོ་བའི་ཚད་ལ་སླེབས་ཤིང་། ཡང་ཉེ་སྔོན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་སྤྱིན་ཐག་གིས་བསྡམས་པའི་སྔོ་ཚོད་ཟ་མི་རུང་བའི་གནས་ཚུལ་བསྒྲགས་རྗེས། འཛད་སྤྱོད་པ་རྣམས་ཀྱིས་རང་འདེམ་ཚོང་ཁྲོམ་གྱི་སྔོ་ཚོད་བདེ་འཇགས་ལ་སེམས་ཁུར་ཆེན་པོ་བྱེད་ཀྱིན་འདུག

དུས་རབས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། ཟས་རིགས་བདེ་འཇགས་བྱ་བ་ཡང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་རྒྱུན་དུ་དམ་འཛིན་བྱེད་དགོས་པ་སྟེ། དཔེར་ན་རང་འདེམ་ཚོང་ཁྲོམ་སོགས་ཟས་རིགས་ཕྱིར་འཚོང་བྱེད་ཀྱིན་པའི་ཚོང་ཁང་དུ། ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱས་ཏེ། འཛད་སྤྱོད་པར་སེམས་བདེ་མོའི་ངང་ཟས་རིགས་གདམ་གསེས་བྱེད་དུ་འཇུག་དགོས།

ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པར་ཇི་ལྟར་ཤུགས་སྣོན་བྱེད་དགོས་སམ་ཞེ་ན། ལྟ་སྐུལ་བྱེད་ཐབས་ཡོད་ཚད་ལ་དངོས་གནས་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས་པ་དེ་རེད། དོན་དངོས་སུ་བཤད་ན། ཚོང་རྫས་ཡོད་ཚད་ལ་རང་རེའི་འབྲེལ་ཡོད་སྡེ་ཁག་གིས་དེ་མཐུན་གྱི་ལྟ་སྐུལ་དོ་དམ་བྱེད་ཐབས་རེ་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་ཟས་རིགས་བདེ་འཇགས་ཐད་ཀྱི་དོན་རྐྱེན་མུ་མཐུད་དུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་གཏན་འཁེལ་གནད་སར་མ་འབྱོར་བའི་རྐྱེན་གྱིས་རེད། གཏན་འཁེལ་གནད་སར་འབྱོར་དཀའ་བའི་རྒྱུ་རྐྱེན་གཙོ་བོ་ནི་འབྲེལ་ཡོད་སྡེ་ཁག་ལ་མི་ཤུགས་ཀྱིས་མི་འདང་བ་དང་། ཚོང་ཁང་བགྲང་ལས་འདས་པ་ཡོད་པས། ཆད་ལུས་མེད་པར་ལྟ་སྐུལ་བྱེད་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད། གལ་ཏེ་ཚོང་ཁང་དེ་དག་གིས་རང་གིས་རང་ལ་ལྟ་སྐུལ་བྱེད་ཐུབ་ན། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ཐད་ཀྱི་སེམས་ཁྲལ་ནུས་ལྡན་སྒོས་ཇེ་ཉུང་དུ་གཏོང་ཐུབ།

རང་འདེམ་ཚོང་ཁྲོམ་ལ་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པའི་ཐད་ནས་རང་ཉིད་ལ་ལེགས་ཆ་ཡོད་པ་རེད། རང་འདེམ་ཚོང་ཁྲོམ་ནི་རྩ་འཛུགས་རང་བཞིན་ལྡན་པའི་ཕྱིར་འཚོང་ཁེ་ལས་ཤིག་ཡིན་པ་དང་། ནང་སྒོས་སུ་རང་འདེམ་ཚོང་ཁྲོམ་ཆེ་རིགས་ལ་རང་རང་གི་ལྟ་སྐུལ་དོ་དམ་མ་ལག་རེ་ཡོད་པས། མ་ལག་དེ་ལ་རང་སྡེ་ཁག་གི་འཁོར་སྐྱོད་འོག ཆེད་དམིགས་མི་སྣས་འགན་ཁུར་ཡོད། ཁོ་ཚོར་སྤྱིར་བཏང་དུ་ཆེད་ལས་ཤེས་བྱ་དང་བྱ་བའི་ཉམས་མྱོང་ངེས་ཅན་ཞིག་ལྡན་པར་མ་ཟད། ད་རུང་ཆེད་ལས་ཀྱི་ཡོ་བྱད་དང་སྒྲིག་ཆས་འཛོམས་པས། སྒེར་གྱི་ཚོང་ཁང་ལས་ཚོང་རྫས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་སླ།

གལ་ཏེ་རང་འདེམ་ཚོང་ཁྲོམ་གྱིས་སྲིད་གཞུང་གི་གཏན་འཁེལ་དང་ལས་རིགས་ཀྱི་ཚད་གཞི་གཉིས་མཉམ་འབྲེལ་སྒོས་བཀོལ་སྤྱོད་བྱེད་པ་དང་། ལྟ་སྐུལ་དོ་དམ་གྱི་གཏན་འཁེལ་དེ་དག་ཧུར་པོར་བཏང་ནས་ནུས་པ་འདོན་སྤེལ་བྱེད་དུ་བཅུག་སྟེ། ཚོང་རྫས་འཁོར་རྒྱུག་དང་ཕྱིར་འཚོང་། མེད་པར་བཟོ་བ་སོགས་ཀྱི་གནད་འགག་སོ་སོའི་འགག་སྒོ་དམ་པོར་བསྡམས་ན། འཛད་སྤྱོད་པའི་ཟས་རིགས་བདེ་འཇགས་ཐད་སྔར་ལས་འགན་སྲུང་བྱེད་ཐུབ་པར་མ་ཟད། ད་རུང་ཁེ་ལས་རང་སྟེང་གི་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཡོད།

“སྤྱིན་ཐག་གིས་བསྡམས་པའི་སྔོ་ཚོད་ཟ་མི་རུང་བ”ཡི་གསར་འགྱུར་བཀོད་རྗེས། གསར་འགོད་པ་ཟི་ལིང་གི་ཧྭ་ལེན་རང་འདེམ་ཚོང་ཁྲོམ་དུ་སོང་ནས་བལྟས་པ་ན། སྤྱིན་ཐག་གིས་བསྡམས་པའི་སྔོ་ཚོད་མ་མཐོང་ཞིང་། ཉེ་འགྲམ་གྱི་གཞིས་དམངས་རྣམས་ཀྱིས་བཤད་པ་ལྟར་ན། ན་ནིང་གི་ཟླ10པ་ནས་བཟུང་རང་འདེམ་ཚོང་ཁྲོམ་གྱིས་སྔོ་ཚོད་སྤྱིན་ཐག་གིས་མ་བསྡམས་པ་རེད་ཟེར། གནས་ཚུལ་དེ་ལས་ཚོང་ཁྲོམ་བདག་གཉེར་པས་དེའི་ཐད་ལ་སེམས་ཤུགས་བཀོལ་བ་མཚོན་ཐུབ། རང་འདེམ་ཚོང་ཁྲོམ་གྱི་ལས་བྱེད་པས་བཤད་པ་ལྟར་ན། དེ་ནི་ཁོ་ཚོའི་ཀུང་སིའི་ཟས་རིགས་བདེ་འཇགས་སྡེ་ཁག་གིས་ཟས་རིགས་བདེ་འཇགས་ཐད་ཀྱི་གཏན་འཁེལ་ལག་བསྟར་བྱས་ཏེ། འཛད་སྤྱོད་པར་དམིགས་པའི་འགྱུར་ལྡོག་ཅིག་ཡིན། དེ་ལྟ་བུའི་སེམས་ཤུགས་ཕྲ་མོ་ད་རུང་ཧ་ཅང་མང་པོ་ཡོད། གལ་ཏེ། ཚོང་ཁང་ཡོད་ཚད་ཀྱིས་དེ་ལྟར་འཛད་སྤྱོད་པའི་ཟས་རིགས་བདེ་འཇགས་ཐད་བསམ་བློ་ཕྲན་ཙམ་བཏང་སྟེ། གཏན་འཁེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་ན། དེས་ཕྱིར་འཚོང་བྱེད་ཀྱིན་པའི་ཟས་རིགས་ཀྱིས་མང་ཚོགས་ཀྱི་སེམས་བདེ་རུ་འཇུག་ཐུབ་ངེས་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།