དེང་སྐབས། གཡོ་སྒྱུ་ཅན་གྱི་ཚོང་པ་མང་པོ་ཞིག་གིས“རྒན་པའི་དཔལ་འབྱོར་རིག་པ”ལ་ཞིབ་འཇུག་བྱས་པ་དང་། རྒན་པ་ལ་ཐུགས་ཁུར་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་རྒན་པ་རྣམས་ལ་ཚོང་སྐུལ་བྱེད་པ་དང་། ལུས་ཁམས་བདེ་སྲུང་གི་སྨན་རྫས་སོགས་སྤྱད་དེ་རྒན་པ་རྣམས་ཀྱིས་ལོ་ངོ་མང་པོར་བསགས་པའི་སྒོར་མོ་གཡོ་ལེན་བྱེད་ཀྱིན་ཡོད། དེ་བས་བཟོ་ཚོང་སྡེ་ཁག་གིས་འཛད་སྤྱོད་པ་རྒན་པ་རྣམས་ལ་དྲན་སྐུལ་བྱེད་ཀྱིན་ཡོད་པ་སྟེ། སྨྱན་བྱད་སྟེང་སྤྱི་བསྒྲགས་བྱས་ཟིན་པའི་འཛད་སྤྱོད་གཡོ་སྒྱུ་ལ་མང་དུ་ལྟ་བ་དང་མང་དུ་རྒྱུས་ལོན་བྱས་ཏེ། རང་སྟེང་གི་དོགས་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་། འཛད་སྤྱོད་ནུས་པ་ཇེ་མཐོར་བཏང་ནས། འཛད་སྤྱོད་གཡོ་སྒྱུ་ལ་གཡོལ་དགོས།
རིན་གོང་དམའ་མོས་ཚོད་ལྟ་བྱེད་དུ་འཇུག་པ་ལ་ཡིད་ཆེས་མི་རུང་།
ལུས་ཁམས་བདེ་སྲུང་ཐད་ཀྱི་ལས་ཁུངས་ཁ་ཤས་ཀྱིས་རིན་མི་ལེན་པར་ལུས་བཤེར་བྱེད་པ་དང་ཡང་ན་རིན་གོང་དམའ་མོས་ཚོང་སྐུལ་བྱེད་པར་ཁ་གཡར་ཏེ་འཛད་སྤྱོད་པ་འགུག་བཞིན་ཡོད། གལ་ཏེ་འཛད་སྤྱོད་པ་ཚོང་ཁང་དུ་སོང་ནས་ཚོད་ལྟ་བྱས་རྗེས། ཚོང་མཁན་གྱིས་འཛད་སྤྱོད་པ་རྒན་པ་རྣམས་ཀྱི་བདེ་ཐང་ཡོང་འདོད་ཀྱི་སེམས་ཁམས་དེ་བེད་སྤྱད་དེ། འཛད་སྤྱོད་པར་ཚོང་སྐུལ་ཡང་ཡང་བྱས་ཏེ་ཕྱིར་འབུད་དུ་མི་འཇུག་པ་རེད།
ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པའི་སྐབས་སུ་མཉམ་འཇོག་དགོས།
ལུས་ཁམས་བདེ་སྲུང་གི་སྨན་རྫས་འཚོང་མཁན་རྣམས་ཀྱིས་རྒྱུན་དུ་འཛད་སྤྱོད་པ་རྒན་པ་རྣམས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་ཀྱིན་ཡོད། འཛད་སྤྱོད་པར་རྒྱུན་དུ་ཁ་བརྡ་དང་འདུག་རོགས་བྱེད་པར་མ་ཟད། ད་རུང་རྒྱུན་དུ་ཁ་པར་བཏང་ནས་འཚམས་འདྲི་བྱེད་པ་དང་། ཁ་ཤས་ཀྱིས་ཐ་ན་རྒན་པར་གཉེན་ཉེ་བསྒྲིགས་ཏེ་ཐུགས་ཁུར་གྱི་རྣམ་པས་འཛད་སྤྱོད་པའི་དོགས་ཟོན་འདུ་ཤེས་ཇེ་དམའ་རུ་གཏོང་བཞིན་ཡོད།
སྒོར་མོ་ཚབ་སྤྲོད་བྱེད་དུ་འཇུག་མི་རུང་།
རྒན་པ་རྣམས་ཀྱིས་བྱང་བུ་བསྒྲུབ་འདོད་ནའང་ལག་ཏུ་སྒོར་མོ་མི་འདང་བའི་སྐབས་སུ། ཚོང་བདག་གིས་རྒྱུན་དུ་སྒོར་མོ་ཆད་ལ་འཇོག་པའམ་ཡང་ན་སྒོར་མོ་ཚབ་སྤྲོད་བྱེད་པའི་རྣམ་པ་ཡིས་འཛད་སྤྱོད་པར་བསླུ་བྲིད་གཏོང་གིན་ཡོད། གལ་ཏེ་རྒན་པ་རྣམས་ཀྱིས་བྱང་བུ་སྤྱད་དེ་འཛད་སྤྱོད་བྱེད་པའི་སྐབས་སུ། ཚོང་བདག་གིས་མྱུར་དུ་སྔོན་ལ་ཆད་ལ་བཞག་པའི་སྒོར་མོ་སྤྲོད་དུ་འཇུག་པ་རེད།
བཟོ་ཚོང་སྡེ་ཁག་གིས་ད་རུང་འཛད་སྤྱོད་པ་རྒན་པ་རྣམས་ལ་ཁེ་དབང་དུས་ལྟར་སྲུང་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད།འཛད་སྤྱོད་པ་རྒན་པ་ཁ་ཤས་ཀྱིས་གཡོ་འོག་ཏུ་ཚུད་རྗེས། ངོ་ཚ་སྟེ་ཁྱིམ་མི་ལ་མི་བཤད་པ་དང་འབྲེལ་ཡོད་སྡེ་ཁག་ལ་གཏུག་བཤེར་མི་བྱེད་པ་རེད། ཁྱིམ་མིས་རྒན་པའི་ཁེ་དབང་ལ་གནོད་འཚེ་ཐེབས་པ་ཤེས་པའི་སྐབས་སུ། ཚོང་བདག་རྣམས་གར་སོང་ཆ་མེད་དུ་གྱུར་ཡོད་པས་ཁེ་དབང་སྲུང་ཐབས་བྲལ། དེའི་རྐྱེན་གྱིས་འཛད་སྤྱོད་པ་རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་ཐེབས་པ་ཤེས་རྗེས། མྱུར་དུ་ཁྱིམ་མི་ལ་བཤད་དགོས་པར་མ་ཟད་གཏུག་བཤེར་བྱས་ཏེ་རང་ཉིད་ཀྱི་ཁེ་དབང་སྲུང་དགོས་སོ། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
འཛད་སྤྱོད་མཁན་རྒན་པས་ཉེ་འགྲམ་གྱི་གཡོ་སྒྱུ་ལ་མཉམ་འཇོག་དགོས།