བོད་ཀྱི་སྐྱེ་དངོས་ཚན་རྩལ་གྱིས་ཞིང་ལས་ལ་སྐུལ་མ་བཏང་བས་ཡོང་འབབ་འཕར་བ།

“ན་ནིང་ངེད་ཁྱིམ་གྱིས་ནས་མུའུ་10བཏབ་པ་དེ་ལོ་སྔོན་མ་དང་བསྡུར་ན་རྒྱ་མ་680འཕར་ནས་ཡོང་འབབ་སྔ་ལོ་ལས་སྒོར་1100ཡིས་མང་དུ་སོང་ཡོད”ཅེས་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་ལྕང་རྒྱབ་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་བཤད། བཀྲ་ཤིས་ཀྱི་ཁྱིམ་ལ་ཐོན་འཕར་བྱུང་བ་ནི་དོན་དངོས་ཐོག་བོད་ཀྱིས་གསར་དུ་ནང་འདྲེན་བྱས་པའི་སྐྱེ་དངོས་སྨའེ་དལ་འཛིན་ལུད་བརྒྱབ་པ་དང་འབྲེལ་བ་ཡོད།

ལྗོངས་ཡོངས་ཀྱི་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་2015ལོར་བོད་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་བོད་ལྗོངས་ཡོན་ཧྲི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་མ་དངུལ་རྣམ་གྲངས་ལག་བསྟར་བྱས་པ་དང་། ཡོན་ཧྲི་ཡོན་ལུང་ཕིང་གི་ཆུ་འབྲས་ཐོན་འབབ་ཆེན་པོའི་འགག་སྒྲོལ་ནང་སྤྱད་པའི་སྐྱེ་དངོས་སྨའེ་དལ་འཛིན་ལུད་རྒྱག་ནང་འདྲེན་བརྒྱུད་ནས་དང་། ཞོག་ཁོག འབྲས་ཤིང་། སྔོ་ཚལ་དང་གཟན་རྩྭ་སོགས་སྐྱེ་དངོས་ལ་དམིགས་ནས་ལུད་རྒྱག་གྲུབ་ཆ་ལེགས་ཤོས་དང་འབྱུང་འཕྲོད་ཐོན་འཕར་ཕན་འཕར་ལག་རྩལ་གཅིག་སྡུད་ཀྱི་མ་ལག་ཅིག་བཟོས་པ་རེད། ད་ལྟའི་བར་རིམ་རྩིས་བྱས་ན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མར་ཤང་། ལྷོ་ཁ་ས་ཁུལ་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་དང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་བཅས་ཀྱིས་ཚོད་ལྟ་དཔེ་སྟོན་རྟེན་གཞི་མུའུ་4000བསྐྲུན་ནས་ཞིང་འབྲོག་ལས་ཐོན་འཕར་དང་ཞིང་འབྲོག་པར་འབབ་འཕར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

“སྐྱེ་དངོས་ལུད་བརྒྱབ་རྗེས་ལྕང་རྒྱབ་དཔེ་སྟོན་ཁུལ་གྱི་ནས་སྔོན་ཆད་ལས་8.5%ཐོན་འཕར་བྱུང་བ་དང་། ཚོད་རྩིས་བྱས་ན་མུའུ་རེ་ནས་ཡོང་འབབ་སྒོར་118གཙང་འཕར་ཡོང་རྒྱུ་རེད”ཅེས་རྣམ་གྲངས་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་བོད་ལྗོངས་ཡོན་ཧྲི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཧྲའོ་ཧྥེང་གིས་བརྗོད་ཅིང་། གཞན་ཡང་ལུད་དེས་རྒུན་འབྲུམ་དང་ཀུ་ཤུའི་མངར་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་དང་དེའི་གྲུབ་ཆ་གཙོ་བོ་ནི་སྐྱེ་དངོས་སྦྱོར་རྟ་ཡིན་པ་དང་། ས་རྒྱུ་བསྐྱར་གསོའི་བྱེད་ནུས་ཡག་པོ་ལྡན་ཡོད་པ་རེད།

“2016ལོར་ང་ཚོས་དཔེ་སྟོན་རྒྱ་ཁྱོན་སྔར་བས་ཆེ་རུ་བཏང་ནས་ཚོད་ལྟ་ཞིབ་འཇུག་ལས་དོན་ཡག་པོ་བསྒྲུབས་པ་དང་། སྐྱེ་དངོས་ལུད་སྨན་གཅིག་སྡུད་ཅན་གྱི་ཐོན་མཐོ་འདེབས་འཛུགས་ལག་རྩལ་བྱེད་སྟངས་གཏོད་པ། ཞིང་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་ཞིང་པར་ཕན་པ་སྔར་བས་མང་པོ་ཐོབ་པ་བྱ་རྒྱུ་རེད”ཅེས་རྣམ་གྲངས་ཀྱི་འགན་འཁུར་བས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།