ནང་ཆེན་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཡོང་སྒོ་སྤར་བ།

ཉེ་སྔོན། ང་ཚོ་ཀ་གཞུང་ཞང་མེ་ཏོག་སྡེ་བའི་འབྲོག་མི་ཐུབ་བསྟན་བཟང་པོ་ཚང་གི་སྦྲ་གུར་ནང་དུ་སོང་བ་ན། ཁོས་མདུན་ཅོག་སྟེང་དུ་ཤོག་བུ་བཏིང་ཞིང་སྣག་ཚ་བླུགས་ནས་བོད་ཡིག་གི་ཡིག་གཟུགས་འབྲི་རྩིས་བྱེད་པ་མཐོང་། ཡིག་གཟུགས་བྲིས་ནས་གཞན་ལ་བཙོངས་པ་ནི། ཐུབ་བསྟན་བཟང་པོ་ཚང་གི་ལོ་གཅིག་གི་ཡོང་སྒོ་ཡི་ཆ་གཅིག་ཡིན།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཀ་གཞུང་ཞང་ནི་མིང་དུ་གྲགས་པའི་ཡིག་གཟུགས་ཀྱི་ཕ་ས་ཡིན། ཡུལ་དེ་རུ་སློབ་གྲྭར་སོང་བའི་འབྲོག་པ་ཤིན་ཏུ་ཉུང་མོད། འོན་ཀྱང་། འབྲོག་པ་ཚོའི་ཁྲོད་དུ་ཡིག་གཟུགས་འབྲི་ཤེས་མཁན་མི་ཉུང་བ་ཞིག་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀ་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་རིགས་ལམ་གསར་པ་ཧུར་བརྩོན་གྱིས་གསར་གཏོད་བྱས་ཏེ། ཡུལ་མི་རྣམས་ལ་རང་གི་འཇོན་ཐང་ལ་བརྟེན་ནས་ཕྱུག་པོར་བསྒྱུར་དུ་བཅུག

ཐུབ་བསྟན་བཟང་པོ་སློབ་གྲྭར་སོང་མ་མྱོང་བའི་འབྲོག་པ་དཀྱུས་མ་ཞིག་རེད། ཁོའི་ཨ་མྱེས་ཀྱི་ཤུགས་རྐྱེན་འོག ཁོ་རང་ཡིག་གཟུགས་ལ་བྱང་ཆ་ཡོད་པར་མ་ཟད། ཡིག་གཟུགས་ལ་གཞན་ལས་ལྷག་པའི་སྤྲོ་བ་ལྡན་པས། ཆུང་དུས་ནས་ཡིག་གཟུགས་སྦྱངས། ད་ལྟར་ཀརྨ་སྒར་བྲིས་གསར་པའི་རྒྱུན་འཛིན་པར་གྱུར་ཡོད།

ཀ་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་གནད་ཁེལ་དབུལ་སྐྱོར་གྱི་བྱ་བ་དེ་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་དང་སྦྲེལ་ནས། དམངས་ཁྲོད་ཡིག་གཟུགས་མཐུན་ཚོགས་བཙུགས། མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱུན་འཛིན་སྲུང་སྐྱོབ་བྱེད་པ་དེ་མི་དམངས་མང་ཚོགས་ཀྱི་ཉིན་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་ལ་སྦྲེལ་ནས། ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དང་ཞུགས་པའི་རང་བཞིན་གྱི་སྲུང་སྐྱོབ་ཀྱི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། བོད་ཡིག་ཡིག་གཟུགས་དེ་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་སྤར་བའི་དབུལ་ཐར་གྱི་ཡིད་བཞིན་ནོར་བུ་ལྟ་བུར་གྱུར།

ཀ་གཞུང་ཞང་གི་བོད་ཡིག་ཡིག་གཟུགས་དང་མི་འདྲ་བ་ནི། ནང་ཆེན་རྫོང་མོ་གྲོང་ཞང་གིས་ཁྱིམ་དུ་ཁོམ་ཡོད་པའི་བོད་རིགས་བུད་མེད་རྣམས་རྩ་འཛུགས་བྱས་ཏེ་བུད་མེད་མཉམ་ལས་ཁང་བཙུགས་ཤིང་། བོད་རིགས་ཀྱི་ཆེས་སྲོལ་རྒྱུན་གྱི་ལག་ཤེས་བལ་འཐག་གཉེར་དུ་བཅུག་ནས། འབྲོག་པ་མང་ཚོགས་ལ་ཡོང་སྒོ་འཕར་བའི་ཐབས་ལམ་གསར་པ་བཙལ།

ཕུན་ཚོགས་སྒྲོལ་དཀར་ནི་འབྲོག་མོ་དཀྱུས་མ་ཞིག་ཡིན་ལ། 2013ལོར་ཞང་སྲིད་གཞུང་གི་རོགས་སྐྱོར་འོག་ཏུ། མོ་དང་ཞང་གི་བུད་མེད་གཞན་པ་རྣམས་ཀྱིས་མི་རེས་སྒོར100ཕུལ་ནས་མཉམ་ལས་ཁང་དུ་ཞུགས། ལག་ཤེས་ཐོན་རྫས་སྦྱོར་བཟོ་བྱེད་པ་དང་ཕྱིར་འཚོང་བྱས་པ་བརྒྱུད། ལོ་དེར་སྒོར8000ཀྱི་ཁེ་སྤོགས་བགོས།

ལོ་ངོ་འགའ་ལ་འཕེལ་རྒྱས་བྱུང་བ་བརྒྱུད། ཕུན་ཚོགས་སྒྲོལ་དཀར་མོ་གྲོང་ཞང་གི་བུད་མེད་མཉམ་ལས་ཁང་གི་འགན་ཁུར་པར་གྱུར། ཕྱིང་ཞྭ་འཇོག་ཞོར་དུ་ཕུན་ཚོགས་སྒྲོལ་དཀར་གྱིས། “ང་རང་མཉམ་ལས་ཁང་འདིར་མ་ཡོང་བའི་སྔོན་དུ། ཡོང་སྒོ་ཅི་ཡང་མེད་ལ། ལོ་རེར་དབྱར་རྩྭ་དགུན་འབུ་བརྐོས་ནས་སྒོར་སྟོང་གཉིས་གསུམ་ལ་བརྟེན་ཡོད། ལོ་ངོ་འགའ་ལ་ཧུར་བརྩོན་བྱས་པ་བརྒྱུད། ད་ལྟ་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་ཡན་དུ་སླེབས་ཡོད། རང་ཉིད་ཀྱིས་རྩོལ་བས་སྒོར་མོ་བཙལ་བ་དང་། མང་ལས་མང་ཐོབ་ཡིན་པས་ང་རང་དགའ་སྤྲོ་སྐྱེ་བ་ཞིག་རེད།

མཉམ་ལས་ཁང་དུ་ཞུགས་ནས་བུད་མེད་རྣམས་ཀྱི་བསམ་པའི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། སྔོན་ཆད་ཀྱི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་དེ་ཇི་ལྟར་རང་བདག་གིས་ཡོང་སྒོ་སྤར་བའི་ཕྱོགས་སུ་བསྒྱུར་པ་དང་། དུས་མཉམ་དུ། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱང་སྔར་ལས་ཇེ་དྲག་ཏུ་གྱུར། ཕུན་ཚོགས་སྒྲོལ་དཀར་གྱིས་ལོ་རེར་མཉམ་ལས་ཁང་གི་ཁོངས་མི་གཞན་པ་རྣམས་ལ་བགོས་པའི་ཁེ་སྤོགས་ཁྲོད་ཀྱི་བརྒྱ་ཆའི་ལྔ་ཁོར་ཡུག་སྲུང་སྐྱོབ་མ་རྩར་བཞག་ནས། དུས་རྒྱུན་དུ་མཉམ་ལས་ཁང་གི་ཁོངས་མི་རྣམས་རྩ་འཛུགས་བྱས་ཏེ་རྩྭ་ཐང་ནས་གད་སྙིགས་འཐུ་རུ་འཇུག་པ་དང་། བུད་མེད་རྣམས་ལ་སྐུལ་སློང་བྱས་ཏེ་རང་ཚང་གི་ར་སྐོར་གཙང་སྦྲ་བྱེད་དུ་བཅུག་ནས་ཕ་ཡུལ་གྱི་རི་ཆུ་སྲུང་དུ་བཅུག

ཉེ་བའི་ལོ་འགའི་རིང་ལ། ནང་ཆེན་རྫོང་གིས“གཉེར་སྟངས་བཞི”དང“ཀུང་སི+མཉམ་ལས་ཁང+དུད་ཁྱིམ”སོགས་ས་ཁོངས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་གཉེར་སྟངས་གསར་པ་གཙོ་བོར་སྐྱེད་སྲིང་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱས། དེའི་ནང་དུད་ཁྱིམ་དང་སྦྲེལ་བ་དང་། ཕྱུགས་ཁྱུ་དང་རང་བྱུང་ཧྲེ་བགོ་བ། དེ་མིན་འཇོན་མིས་སྣེ་ཁྲིད་པའི་བྱེད་སྟངས་ཀྱིས་བསྒྲུབས་པའི་རྣམ་པ་མི་འདྲ་བའི་རོང་འབྲོག་པའི་འདེབས་འཛུགས་གསོ་སྤེལ་མཉམ་ལས་ཁང་བརྒྱ་ལྷག་ཡོད་ལ། “རང་དང་འཚམ་པ”ཡི་དབུལ་སྐྱོར་བྱེད་སྟངས་གསར་པས་རོང་འབྲོག་པ་རྣམས་ཀྱི་ཡོང་སྒོ་སྤར་བ་དང་། རེ་བ་གསར་པ་མཐོང་དུ་བཅུག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།