སྤྱི་ལོ་2008ལོའི་ཚུན་དུ། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་གྲོང་ཁུལ་ནང་གི་གཅིག་བསྡུས་ཐོག་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་མཁན་དམངས་གཉེར་ཁེ་ལས་བདུན་དང་མཉམ་ལས་བྱས་ནས། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་གཅེས་སེམས་རོགས་སྐྱོར་ཁེ་ལས་ཞེས་པའི་སྒོ་བྱང་བཀལ་བ་རེད། དེང་སྐབས། ཁེ་ལས་བདུན་པོ་དེ་དག་ལ་ཁྱོན་ལས་མི་145ཡོད་པའི་ནང་དབང་པོ་སྐྱོན་ཅན་89ཡོད་པས། དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་རྒྱུ་དང་ཁོང་ཚོའི་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། ལས་ཞུགས་ལས་གནས་མཁོ་འདོན་བྱེད་མཁན་ཁེ་ལས་དེ་དག་གི་ཐོན་སྐྱེད་གཉེར་སྐྱོང་རྣམ་གྲངས་ནང་གསོ་སྤེལ་དང་འདེབས་འཛུགས། གྱོན་གོས་འཚེམ་དྲུབས། ལག་ཤེས་བཟོ་རྫས་ལས་སྣོན། ཡུལ་སྐོར་ཞབས་ཞུ་སོགས་ཚུད་ཡོད། ཁེ་ལས་དེ་རིགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་གཏོང་ཆེད་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་དངུལ་ལ་བརྟེན་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་ཀྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོའི་ནང་། རང་སྐྱོང་ལྗོངས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་དང་ལས་རིགས་རྩལ་ནུས་སྦྱོང་བརྡར་སོགས་ཐད་དབང་པོ་སྐྱོན་ཅན་དང་བཅས་པས་ལས་ཞུགས་ཁག་པའི་མི་ཚོགས་ལ་གཟིགས་སྐྱོང་བྱས་ཡོད། ཁེ་ལས་ཀྱིས་དབང་པོ་སྐྱོན་ཅན་མང་ཙམ་བསྡུ་རྒྱུར་སྐུལ་ལྕག་གཏོང་ཆེད་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དབང་པོ་སྐྱོན་ཅན་ལས་ཀར་བསྡུ་མཁན་ཁེ་ལས་ཀྱི་ཐོབ་ཁྲལ་ཐད་དང་དབང་པོ་སྐྱོན་ཅན་བཀོད་སྒྲིག་བྱས་པའི་ཚན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལ་ཐད་གཟིགས་སྐྱོང་སྲིད་ཇུས་མང་པོ་ལག་བསྟར་བྱས་ཡོད་པ་རེད།།
རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།
ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཁག་ནས་དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་རྒྱུར་རོགས་སྐྱོར་བྱས་པ།