བོད་ལྗོངས་ཞིང་འབྲོག་ཁུལ་གྱི་ངལ་ནུས་སྤོ་བསྒྱུར་གྱི་ལས་ཞུགས་ཐུབ་ཚད་མི་གྲངས་ཁྲི་ཚོ་60ཙམ་ཟིན་པ།

སྤྱི་ལོ་2014ལོར་རང་ལྗོངས་ཞིང་འབྲོག་ཁུལ་གྱི་ངལ་ནུས་སྤོ་བསྒྱུར་གྱི་ལས་ཞུགས་ཐུབ་ཚད་མི་གྲངས་ཁྲི་ཚོ་60ཙམ་ཟིན་པ་དང་།  ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་20ལས་བརྒལ་ཡོད་པ་རེད།  གཞན་ཡང་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་ཐུབ་ཚད་མི་གྲངས་ཁྲི་4.3ཟིན་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་བྱེད་ཚད་བརྒྱ་ཆ་2.5ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད་པ་རེད།  

རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་མའ་ཤང་ཚུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་སྤོ་བསྒྱུར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད།  རང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པས་རྒྱུན་ཆད་མེད་པར་ཞབས་ཞུ་དང་སྦྱོང་བརྡར།  ཁེ་དབང་སྲུང་སྐྱོང་བཅས་གནས་གསུམ་གཞི་གཅིག་གི་ལས་ཞུགས་སྤོ་བསྒྱུར་ལས་ཀའི་ལམ་སྲོལ་འཛུགས་ཤུགས་ཆེ་རུ་གཏོང་བ་དང་།  ས་ཁུལ་དང་གྲོང་ཁྱེར་ཁག་གིས་ས་ཆ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  ཁྱད་ལྡན་སྦྱོང་བརྡར་སྤྲད་དེ་ལོ་ཧྲིལ་པོར་ཞིང་འབྲོག་མང་ཚོགས་མི་ཐེངས་དྲུག་ཁྲི་ལྷག་ཙམ་ལ་སྦྱོང་བརྡར་སྤྲད་ཡོད་པས།  ལས་ཞུགས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲའོ་ཞའོ་ཀྲའུ་ཡིས།  ན་ནིང་གཞིས་རྩེ་གྲོང་ཁྱེར་གྱིས་སྒོར་ཁྲི་ཚོ་132བཏང་ནས་ས་ཞིང་བསྡུས་པའི་ཞིང་པ་360ལ་རིན་པ་མི་དགོས་པར་རྩལ་ནུས་སྦྱོར་བརྡར་སྤྲད་དེ་ཁྲོམ་རར་ཞུགས་པའི་ཁོང་ཚོའི་འཇོན་ཐང་ཆེ་རུ་བཏང་བས།  ཁོང་ཚོ་ཚང་མ་རང་ས་དང་ཡང་ན་ཐག་ཉེ་སར་ལས་ཞུགས་ཐུབ་ཡོད་ཅེས་གསུངས་པ་རེད།

མའ་ཤང་ཚུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།   སྤྱི་ལོ་2014ལོར་རང་ལྗོངས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་སུམ་སྟོང་ཉོས་ནས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་ཚོགས་ལས་ཞུགས་ཐུབ་རྒྱུ་འགན་སྲུང་བྱས་ཡོད་པ་རེད།  མིག་སྔར་ལྗོངས་ཡོངས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་སྤྱི་འབོར་སུམ་ཁྲི་ཟིན་གྱི་ཡོད་པ་དང་།  སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་མི་གྲངས་ཉིས་ཁྲི་དྲུག་སྟོང་ལྷག་ཙམ་བཀོད་སྒྲིག་བྱས་པ་བརྒྱུད།  ལས་ཞུགས་ཐུབ་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་96གི་མི་157ལས་ཞུགས་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།