ཀྲུང་གོ་བོད་ཀྱི་དྲ་བ།

སྲོལ་རྒྱུན་ཕྱུགས་ལས་དང་སྐྱེ་ཁམས་ཉམས་ལེན་གྱིས་བསྐྲུན་པའི་བདེ་སྐྱིད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     མཐོ་སྒང་གི་གངས་འཁྱགས་ད་རུང་ཞུ་མེད། ཡིན་ནའང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཞང་ངམ་ར་སྡེ་བས། བྲེལ་འཚུབ་ཆེ་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ་མགོ་བརྩམས་ཡོད།

ཟླ4པའི་ཚེས28ཉིན། ངམ་ར་སྡེ་བའི་རི་འཛེགས་ཡུལ་སྐོར་ཚད་ཡོད་ཀུང་སིའི་གངས་ཆགས་ག་ཡེས་སེང་ཐོད་སྒར་ཆེན་ནང་དུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བརྟན་རྒྱལ་གྱིས་གཞན་ཡུལ་ནས་ཡོང་བའི་ཡུལ་སྐོར་ཚོགས་པར་ཁ་པར་གཏོང་ཞོར་དུ། སྡེ་མི་རྣམས་དང་མཉམ་དུ་ཕུབ་མ་ཐག་པའི་སྦྲ་གུར་ལ་ཞིབ་བཤེར་བྱེད་བཞིན་འདུག

“ཉེ་ལམ། ཞིང་ཆེན་ཕྱི་ནས་ཡོང་བའི་ཉམས་ལེན་པ་མང་པོ་སྣེ་ལེན་བྱེད་དགོས་པས། ཉིན་རེར་རྒྱུན་ཆད་མེད་པར་ཁ་པར་ལ་མཉན་དགོས། མགྲོན་པོར་གང་མཁོ་བ་དེར་རྒྱུས་ལོན་གསལ་པོ་བྱེད་དགོས་པར་མ་ཟད། རྨང་གཞིའི་སྒྲིག་བཀོད་ལ་ནན་ཏན་གྱིས་ཞིབ་བཤེར་བྱས་ཏེ། ཚང་མར་བརྗིད་ཆགས་མཛེས་སྡུག་གི་རང་བྱུང་བཀོད་པ་རོལ་མྱོང་བྱེད་དུ་འཇུག་པ་དང་མཉམ་དུ། ཚང་མར་སྐྱིད་ཅིང་བདེ་འཇགས་ཀྱི་སྒར་ས་ཞིག་ཀྱང་ཡོད་དུ་འཇུག་དགོས”ཞེས་ཚེ་བརྟན་རྒྱལ་གྱིས་དེ་ལྟར་བཤད།

གངས་ཆགས་ག་ཡེས་སེང་ཐོད་ནི་ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་རི་རྩེ་མཐོ་ཤོས་ཡིན་ལ། མཚོ་ངོས་ལས་མཐོ་ཚད་ལ་སྨི6178ཡོད། ལོ་འདི་འགར་དམངས་ཁྲོད་རི་འཛེགས་འགུལ་སྐྱོད་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ངམ་ར་སྡེ་བ་ནི་རི་དེའི་ལྷོ་འདབས་སུ་གནས་ཡོད། “ལྔ་གཅིག”གུང་གསེང་གི་སྐབས་སུ། ངམ་ར་སྡེ་བའི་གངས་འཁྱགས་ག་ཡེས་སེང་ཐོད་རི་འཛེགས་སྒར་ཆེན་གྱིས་ལོ་གཅིག་ནང་གི་ཚོང་ལས་ཆེས་བྲིན་པའི་དུས་སྐབས་བསུས། ཚེ་བརྟན་རྒྱལ་གྱིས་སྡེ་བའི་ལས་བྱེད་པ་ཚོར་སྣེ་ཁྲིད་ནས་སྡེ་མི་རྣམས་དང་མཉམ་དུ། མཐུན་སྦྱོར་འགན་སྲུང་སོགས་ཀྱི་བྱ་བ་བྲེལ་འཚུབ་ཀྱིས་བཀོད་སྒྲིག་བྱེད་དགོས་པས་ཁོམ་གསེང་གི་དུས་ཚོད་ཅིག་མེད།

རྫོང་ཨུ་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་ཆེན་པོའི་འོག ཡུན་རིང་དུ་བསགས་པའི་དམངས་ཁྲོད་རི་འཛེགས་རྨང་གཞིར་བརྟེན་ནས། 2021ལོར། ངམ་ར་སྡེ་བས་ཆུ་དམར་ལེབ་ངམ་ར་སྡེ་བའི་རྫ་མགོ་རི་འཛེགས་སྒར་ཆེན་བཙུགས། ལོ་དེར་རི་འཛེགས་ལ་དགའ་མཁན་མི་ཐེངས1100སྣེ་ལེན་བྱས་ཏེ་ཉམས་ལེན་གྱི་སྤྱིའི་ཡོང་སྒོ་སྒོར་ཁྲི་བརྒྱ་ལས་བརྒལ་བ་དང་། དེས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོའི་ཕྱེད་ཀ་ཡན་ཟིན་ཡོད་པས། སྐྱེ་ཁམས་ཉམས་ལེན་དར་ནས་ངམ་ར་སྡེ་བའི་སྡེ་མི་རྣམས་ཀྱི་འཚོ་བ་སྔར་ལས་ཕྱུག་པོར་བཏང་།

ཆེད་ལས་སྣེ་ཤན་པར་མ་གྱུར་པའི་སྔོན་དུ། ཆེད་སྦྱོང་བསླབ་རྒྱུས་ཡོད་པའི་སྡེ་མི་ཚེ་བརྟན་གྱིས་ཁོར་འཚམ་པའི་བྱ་བ་ཞིག་རེག་མ་ཐུབ་པས་གང་སར་གླ་བརྒྱབ་ནས་བསྡད་ཡོད། སྒོ་ཁའི་རི་འཛེགས་ཉམས་ལེན་ཐོན་ལས་ཀྱི་འཕེལ་རྒྱས་མཐོང་རྗེས་ཚེ་བརྟན་བློ་གཅིག་སེམས་གཅིག་གིས་དེའི་ནང་དུ་ཞུགས། ཆེས་ཐོག་མའི་ལམ་ལ་རྒྱུས་མངའ་ཡོད་པ་ཙམ་ནས་རིམ་གྱིས་རི་འཛེགས་སྣེ་ཤན་པར་གྱུར་པ་དང་། ན་ནིང་གི་ལོ་མཇུག་ཏུ། ཁོས་ཧུར་བརྩོན་གྱིས་རང་སྦྱོང་བྱས་ཏེ་དམའ་རིམ་རི་འཛེགས་སྣེ་ཤན་པའི་དཔང་ཡིག་བླངས།

“ཚེ་བརྟན་ལྟ་བུའི་རང་སྡེ་བའི་ན་གཞོན་མང་པོ་དེའི་ཁྲོད་དུ་ཞུགས་པར་རེ་བ་འཛིན་བཞིན་ཡོད། ཁོ་ཚོ་གཞན་ཡུལ་ནས་ཡོང་བའི་ཉམས་ལེན་པ་རྣམས་དང་འབྲེལ་འདྲིས་བྱེད་ན་སྐད་ཆའི་གོ་བརྡ་སྤྲོད་པའི་ཕྱོགས་ནས་འདང་རྒྱག་མེད་ལ། འབྲེལ་ཡོད་ཀྱི་ཆེད་ལས་ཤེས་བྱ་བསླབ་ནའང་ཧ་ཅང་མགྱོགས་པས། སྒར་ཆེན་གྱི་ཞབས་ཞུ་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ་དང་མཉམ་དུ་རང་ཉིད་ཀྱི་ཡོང་སྒོའང་ཇེ་མང་དུ་གཏོང་ཐུབ”ཅེས་ཚེ་བརྟན་རྒྱལ་གྱིས་བཤད།

ཕན་འབྲས་བཟང་མིན་སྡེ་མི་རྣམས་ཀྱིས་ཤེས་པ་རེད། “རི་འཛེགས་སྣེ་ཤན་ཐེངས་གཅིག་བྱས་ན་གླ་ཡོན་སྒོར3000ཡིན། ཆེས་བཟང་བའི་སྐབས་སུ་ཟླ་གཅིག་ལ་སྒོར18000ནས་སྒོར20000བཙལ་ཐུབ། དེའི་ཁར་མཐོ་སྒང་གི་གྲང་འཁྱགས་ཁོར་ཡུག་འོག་རི་འཛེགས་ཉམས་ལེན་པ་རྣམས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ་ཁུག་མ་འཁུར་རོགས་བྱས་པ་སོགས་ཀྱི་གླ་ཡོན་བསྣན་ན། ཐེངས་གཅིག་ལ་སྒོར1600ལེན་ཐུབ། དུས་གཞུང་དུ་ཟླ་རེར་སྒོར་སྟོང་བདུན་བརྒྱད་རེ་ལེན་ཐུབ་པས། རང་ཉིད་ཀྱི་འགྲོ་གྲོན་ཕུད་རྗེས་ད་རུང་ཁྱིམ་ཚང་ལའང་སྒོར་མོ་ཁ་ཤས་གསོག་ཐུབ”ཅེས་ཚེ་བརྟན་གྱིས་དེ་ལྟར་བཤད།

ད་ལྟ། གངས་འཁྱགས་ག་ཡེས་སེང་ཐོད་ཀྱི་ལྷོ་ངོས་སུ་ཡར་འགྲོ་མར་ཡོང་གི་རི་འཛེགས་པ་རྒྱུན་མི་ཆད་པར་ཡོད། ཚེ་བརྟན་རྒྱལ་དང་སྡེ་མི་རྣམས་བྲེལ་འཚུབ་ཆེ་བར་མ་ཟད་དགའ་སྤྲོས་ཁེངས་འདུག“གངས་འཁྱགས་ག་ཡེས་སེང་ཐོད་དུ་ཡོང་མཁན་མང་བས། ང་ཚོས་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་མཉམ་དུ། རང་ཡུལ་གྱི་བག་ལ་ཞ་བའི་ཐོན་ཁུངས་དེ་སྡེ་མི་རྣམས་ལ་སྣེ་ཁྲིད་ནས་ཡོང་འཕར་ཕྱུག་བསྒྱུར་གྱི་ཐོན་ལས་བྲིན་པོར་བསྒྱུར་ཡོད་པས། ཚང་མའི་སྐྱིད་སྣང་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ཡོད”ཅེས་ཚེ་བརྟན་རྒྱལ་གྱིས་དགའ་སྤྲོའི་ངང་བཤད། འགྲུལ་ཁང་དང་བཟའ་བཏུང་། སྣེ་ཤན་པའི་ཞབས་ཞུ་སོགས་ཀྱི་ཁེ་ཕན་བསྐྲུན་ཐབས་སྣ་མང་བརྒྱུད་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི100ལྷག་ལ་སླེབས། རྒྱུས་ལོན་པ་ལྟར་ན། ཐོན་ལས་གཉིས་པའི“ཡོང་འཕར་འབྲེལ་ཐག”ལེགས་པོར་བསྐྲུན་ཆེད། ངམ་ར་སྡེ་བས་ད་རུང་འོ་མའི་ཐོན་རྫས་དང་ནོར་ཁུལ་ལུག་བལ་ཐོན་རྫས་སོགས་ཀྱི་ལས་སྣོན་མཉམ་ལས་ཁང་ཡང་སྐྱེད་སྲིང་བྱས་པ་དང་། “འོ་མའི་ས་ཚིགས+འོ་མ་ཁང”ཚོང་གཉེར་བྱེད་སྟངས་བརྒྱུད་ནས། ན་གོར་མོ་གྲོང་ཁྱེར་དུ་དྲ་ལམ་དང་དྲ་ལམ་མ་ཡིན་པ་གཉིས་ནས་ཉོ་འཚོང་བྱེད་པའི་སྟེགས་བུ་བསྐྲུན་པ་དེར་ལོ་རེར་ཡོང་སྒོ་སྒོར་ཁྲི15མངོན་འགྱུར་བྱུང་ཡོད།

སྐྱེ་ཁམས་ཉམས་ལེན་ཚ་ཚ་འུར་འུར་གྱིས་དར་བས་སྡེ་བའི་སྲོལ་རྒྱུན་གྱི“ལས་གཞི”ཇེ་བཟང་ནས་ཇེ་བཟང་རེད། སྔོན་ཆད། ངམ་ར་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་ཁྱད་ཆོས་ལྡན་པའི་ཟོང་རྟགས་མེད། སྒོར་ཁྲི150ཡི་འབྲི་མོ་ལས་གཞི་ལ་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི12མ་གཏོགས་མེད། དེར་མ་ཟད། འབྲོག་ཁྱིམ་གྱི་རྩྭ་ས་ཐར་ཐོར་དུ་བགོས་ཡོད། ཁྱིམ་ཚང་ཚང་མས་ནོར་གནག་གསོས་ཡོད་རུང་གྲངས་ཀ་མི་མང་བས་གཞི་ཁྱོན་གྱི་ཕན་འབྲས་ཐོན་དཀའ།

དེའི་རྐྱེན་གྱིས། ངམ་ར་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་འབྲི་ཆུའི་འགག་སྒོ་བདུན་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལ་བརྟེན་ནས། འབྲོག་པ་རྣམས་དང་རྩྭ་ས་གླ་བའི་གན་རྒྱ་བཞག་པ་དང་། འབྲོག་པ་རྣམས་ལ་དབང་བའི་སྤུས་ལེགས་རྩྭ་ས་ཧྲག་སྡེབ་བྱས་ཏེ་དུས་བཅད་ལྟར་གླ་ཡོན་སྤྲད། དེ་དང་མཉམ་དུ་འབྲོག་ཁྱིམ་གྱི་ནོར་ལུག་ཐད་ཀར་ཉོ་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མིང་ཐོག་ནས་དངུལ་བུན་བླངས་ནས་རྒྱུད་བཟང་ནོར་གནག་དང་བོད་ལུག་ཉོས་ཏེ“ཕྱུགས་རྒྱུད་བཟོ་འགོད”བསྐྲུན། སྟབས་བདེ་སྒོས་བཤད་ན། ནོར་གནག་རྒྱུད་པ་དག་མར་ཁག་ཐེག་བྱས་ཏེ་འབྲོང་ཚའི་ཕྱུགས་རྒྱུད་སྔར་ལས་ལེགས་པོ་སྤེལ་བ་རེད།

སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་ཕན་ཐོབ་མཁན་ཀུན་བཟང་ཚེ་རིང་ཚང་ལ་མཚོན་ན། སྔོན་ཆད་བཞིན་ནོར་གནག་ལ་བརྟེན་ནས་འཚོ་བ་རོལ་ན་ཐབས་ལམ་སྣ་རྐྱང་ཡིན་པའི་ཁར་ཡོང་སྒོའང་བརྟན་འཇགས་མིན། སྡེ་བའི་མཉམ་ལས་ཁང་དུ་མ་རྩ་བཞག་པ་བརྒྱུད་ནས། ནོར་གནག་གཅིག་གྱུར་གྱིས་མཉམ་ལས་ཁང་དུ་འཚོས་ན། ནུས་པ་ཆེན་པོ་འདོན་སྤེལ་བྱེད་ཐུབ་པར་མ་ཟད་ཕན་འབྲས་ཀྱང་ཆེན་པོ་ཐོན་ཡོད།

ཀུན་བཟང་ཚེ་རིང་གིས“ཕྱུགས་ཟོག་དང་རྩྭ་ས་མཉམ་ལས་ཁང་གི་མ་རྩར་བཞག་ན་ཕན་འབྲས་དང་ཡོང་སྒོ་ཚང་མ་མཐོར་འདེགས་བྱུང་བ་དང་། ནོར་ལུག་ཆེད་དུ་འཚོ་མཁན་ཡོད་པས། མཉམ་ལས་ཁང་གི་འཕེལ་རྒྱས་ཀྱང་ཉིན་རེ་ལས་ཉིན་རེར་བཟང་བ་དང་། ང་ཚོའི་འཚོ་བའང་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་རེད”ཅེས་བཤད། །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།