ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་དམངས་ཀྱི་དོན་དུ་རྒྱུག་ཅིང་དོན་དངོས་སྒྲུབ་པའི་ཧྲུའུ་ཅི་ཞིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་བདེ་ཆེན་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་སངས་རྒྱས་སྒྲོལ་མའི་གནས་ཚུལ་བཀོད་པ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་བདེ་ཆེན་སྡེ་བའི་སྡེ་མི་ཚོའི་མིག་ལམ་དུ། ཧྲུའུ་ཅི་དང་པོ་སངས་རྒྱས་སྒྲོལ་མ་ནི་ཉིན་གང་བོར་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་ཧྲུའུ་ཅི་ཞིག་ཡིན་པ་དང་། སྡེ་བའི་ལས་བྱེད་པའི་མིག་ལམ་དུ། མོ་ནི་བྱ་བ་སྒྲུབ་ཐུབ་ལ་སྒྲུབ་མཁས་པའི“དངོས་སྒྲུབ་ཧྲུའུ་ཅི”ཞིག་རེད། ཡིན་ཡང་སངས་རྒྱས་སྒྲོལ་མ་མོ་རང་ཉིད་ཀྱིས་བལྟས་ཚེ། མོ་ནི་ཧུར་ཐག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་སྡེ་སྡོད་ལས་བྱེད་པ་ཞིག་ཡིན།

ལོ་རབས90ནང་སྐྱེས་པའི་རྗེས་ཀྱི་སངས་རྒྱས་སྒྲོལ་མ་ནི། ཡུས་ཧྲུའུ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་རྒྱ་སྐད་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཡིན་ལ། 2023ལོའི་ཟླ7པར་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་རོང་པོ་གྲོང་རྡལ་བདེ་ཆེན་སྡེ་བར་ཧྲུའུ་ཅི་དང་པོའི་འགན་འཁུར་དུ་མངགས། ཧྲུའུ་ཅི་དང་པོའི་འགན་འཁུར་ཏེ་ཟླ8ལྷག་མ་གཏོགས་འགོར་མེད་མོད། འོན་ཀྱང་ལས་གནས་སུ་ཐོན་རྗེས། མོའི་ནན་ཏན་གྱི་བྱ་བ་སྒྲུབ་སྟངས་ལ་ལས་བྱེད་མང་ཚོགས་ཀྱིས་གཅིག་མཐུན་སྒོས་བསྟོད་བསྔགས་གང་ལེགས་བྱས།

སངས་རྒྱས་སྒྲོལ་མ་དུས་ཡུན་རིང་པོར་རང་གི་ཕ་མ་གཉིས་དང་མཉམ་དུ་ཡུས་ཧྲུའུ་གྲོང་ཁྱེར་དུ་བསྡད་ཡོད་ལ། བདེ་ཆེན་སྡེ་བ་ཡུས་ཧྲུའུ་གྲོང་ཁྱེར་དང་བར་ཐག་ལ་སྤྱི་ལེ70མ་གཏོགས་མེད། ཡུས་ཧྲུའུ་གྲོང་ཁྱེར་དུ་རླངས་འཁོར་བསྐོར་ཏེ་བདེ་ཆེན་སྡེ་བར་སོང་ན་དུས་ཚོད་གཅིག་གིས་ཐོན་ཐུབ་པས། སངས་རྒྱས་སྒྲོལ་མ་སྔོན་ཆད་ནང་བཞིན་ལས་ཚོགས་གྲོལ་རྗེས་ཁྱིམ་དུ་ལོག་ན་ཆོག་མོད། འོན་ཀྱང་སྡེ་སྡོད་བྱ་བ་སྔར་བས་ཡོངས་འགྲུབ་བྱེད་ཆེད། མོ་རྒྱུན་དུ་སྡེ་བར་ཞག་འདུག་བྱས་ཏེ་བྱ་བ་སྒྲུབ་ཀྱིན་ཡོད།

སྡེ་བར་གནས་བཅོས་ནའང་། མང་ཚོགས་དང་སྡེ་བའི་འཕེལ་རྒྱས་ཀྱི་དོན་དུ། སངས་རྒྱས་སྒྲོལ་མ་དུས་རྒྱུན་བདེ་ཆེན་སྡེ་བ་དང་ཡུས་ཧྲུའུ་ཁུལ་གཉིས་ཀྱི་བར་དུ་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ། མིང་དོན་གཉིས་ལྡན་གྱི“ཚབ་རྒྱུག་ཧྲུའུ་ཅི”རུ་གྱུར་ཡོད།

སངས་རྒྱས་སྒྲོལ་མས་བཤད་རྒྱུར། “གྲོང་ཁྱེར་དུ་ཚོགས་འདུར་ཞུགས་པ་ལས་གཞན་ད་རུང་བྱ་བ་མང་པོ་ཡང་གོང་རིམ་ལས་ཁུངས་ལ་ཡར་ཞུ་བྱེད་དགོས་པར་མ་ཟད། དོན་དག་མི་ཉུང་བ་ཞིག་ཀྱང་ངེས་པར་དུ་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་སྦྲེལ་མཐུད་བྱེད་དགོས། ཆེས་མང་དུས་སུ་ང་རང་ཉིན་གཅིག་ལ་ཐེངས་བཞིར་བརྒྱུགས་པ་ཡིན།”

སྡེ་སྡོད་བྱས་ནས་དུས་ཡུན་ངེས་ཅན་ཞིག་འགོར་བ་ན། སངས་རྒྱས་སྒྲོལ་མས་སྡེ་མི་མང་ཆེ་བར་གཅོང་ནད་ཀྱིས་མནར་བཞིན་པར་མ་ཟད། འཚོ་བའི་གོམས་གཤིས་མི་ལེགས་པ་སོགས་ཀྱི་དབང་གིས་འགོ་ཚད་ཧ་ཅང་མཐོ་བ་ཤེས་རྟོགས་བྱུང་། དེར་བརྟེན་ཁོ་མོས“ཚབ་རྒྱུག་བྱ་བ”སྒྲུབ་མགོ་བརྩམས་ཏེ། སྔ་རྗེས་སུ་ཐེངས་མང་པོར་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང(མཚོ་སྔོན་ལྷོ་རྒྱུད་སྨན་བཅོས་རོགས་སྐྱོར་ཆེད་མཁས་ཚོགས་པ)དང་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང(པེ་ཅིན་གྱིས་ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆེད་མཁས་ཚོགས་པ)དང་སྦྲེལ་མཐུད་བྱས་ཏེ་བདེ་ཆེན་སྡེ་བ་རུ་འོས་འགན་ནད་བརྟག་སྨན་བཅོས་དང་འགོས་ནད་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱས་པར་མ་ཟད། གཞན་ད་དུང་འགྲོ་འདུག་སྟབས་མི་བདེ་བའི་སྡེ་མིའི་ཁྱིམ་དུ་ཆེད་མཁས་པ་གདན་ཞུ་བྱས་ནས་སྨན་བཅོས་བྱ་འགུལ་སྤེལ་ཏེ། མང་ཚོགས་ལ་སྨན་རྫས་དང་ལག་རྩལ། ཐུགས་ཁུར་བཅས་བསྐྱལ།

ཡང་དང་བསྐྱར་དུ་སྡེ་མིའི་ཁྱིམ་དུ་སོང་བ་བརྒྱུད། སངས་རྒྱས་སྒྲོལ་མ་སྦྱངས་འབྲས་ལེགས་ཤིང་སྤྱོད་པ་བཟང་ནའང་ཁྱིམ་ཚང་ལ་དཀའ་ཁག་ཆེ་བའི་མཐོ་འབྲིང་སློབ་མ་བཞི་དང་འཕྲད་པས། མོས་དངོས་གཞི་འཛིན་གྲྭ་མཐར་ཕྱིན་ཁར་བཙུགས་པའི་ཐེབས་རྩ་ཚོགས་པ་དེ་ཡིད་ལ་དྲན། དེ་ནས་མོས་ཡང་བསྐྱར“ཚབ་རྒྱུག་བྱ་བ”སྒྲུབ་མགོ་བརྩམས་ཏེ། ཐེབས་རྩ་ཚོགས་པར་སློབ་མ་བཞི་བོའི་སློབ་རོགས་ཞུ་ཡིག་ཕུལ་ནས་ཁོ་ཚོར་ལོ་གཉིས་རིང་གི་རོགས་སྐྱོར་མིང་ཐོ་བླངས།

ལྷ་མོ་ཆོས་སྒྲོན་ནི་བདེ་ཆེན་སྡེ་བའི་ཁྱད་དབུལ་འཚོ་སྐྱོང་ཁྱིམ་ཚང་གི་མི་ཞིག་ཡིན་ལ། ཁེར་ཧྲེང་དུ་ལུས་པའི་མོ་ལ་སྐྱ་གྲིབ་ནད་ཕོག་སྟེ་མིག་གཉིས་ཞར་ལ་ཉེ། སངས་རྒྱས་སྒྲོལ་མས་གནས་ཚུལ་དེ་ཤེས་རྗེས། མོ“ཚབ་རྒྱུག”བྱས་ཏེ་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིན་མཛའ་བརྩེ་སྨན་ཁང་མིག་ནད་ཚན་ཁག་གི་ཆེད་མཁས་སྨན་པ་ཡན་ཧྥན་ཁྲེང་དང་འབྲེལ་གཏུག་བྱས་ཏེ། ཁུལ་སྨན་ཁང་དང་ཡན་ཧྥན་ཁྲེང་གི་རོགས་རམ་འོག་ལྷ་མོ་ཆོས་སྒྲོན་ལ་སྨན་བཅོས་ཐོབ་སྟེ་སླར་ཡང་འོད་སྣང་མཐོང་ཐུབ་པ་བྱུང་།

ཐོན་ལས་འཕེལ་རྒྱས་ཀྱི་ཐད་ནས། སངས་རྒྱས་སྒྲོལ་མས་ཡུས་ཧྲུའུ་ཁུལ་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་བསྐྲུན་པའི་ཐོག་མའི་འདེམས་ཁུལ་ཡིན་པའི་འཐབ་ཇུས་གོ་སྐབས་དང་མངགས་སྡོད་ལས་ཁུངས་ཀྱི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས། བདེ་ཆེན་སྡེ་བར་སྒོར་ཁྲི300ཡི་ཁོངས་ཡོངས་ཡུལ་སྐོར་ས་ཚིགས་ཀྱི་ལས་གཞི་བརྩོན་ལེན་བྱས་པར་མ་ཟད། རླངས་འཁོར་འཇོག་སའི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་ལས་གཞིའི་ཡིག་ཐོག་སྙན་ཞུ་ཕུལ་ཏེ། སྔོན་འགྲོའི་བྱ་བ་ཕལ་ཆེར་ལེགས་འགྲུབ་བྱུང་ཞིང་། སྔོན་དཔག་བྱས་ན་འཛུགས་སྐྲུན་གྲུབ་རྗེས་ཕྱོགས་བསྡུས་ཕན་འབྲས་ཅུང་ལེགས་པོ་ཐོན་རྒྱུ་རེད།

སྡེ་མི་རེ་རེའི་ལས་ཀར་སྤྲོ་སྣང་རྒྱས་སུ་འཇུག་ཆེད། སངས་རྒྱས་སྒྲོལ་མས་སྡེ་མིའི་དགོས་མཁོ་དང་ཁྱད་ཆོས་ལ་གཞིགས་ནས། མངགས་སྡོད་ལས་ཁུངས་ལ་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་གསོ་སྦྱོང་མ་དངུལ་རེ་ཞུ་བྱས་ཏེ། སྡེ་མི15ལ་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་རྩལ་སྒྲིག་བཟོ་གསོ་སྦྱོང་སྤེལ་བ་དང་། ཁོ་ཚོར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་སྔར་བས་སྐྱིད་པོ་ཞིག་རོལ་ཏུ་བཅུག

ད་ལྟ། སངས་རྒྱས་སྒྲོལ་མས་བདེ་ཆེན་སྡེ་བ་ཇེ་ལེགས་སུ་འགྲོ་བཞིན་པ་མཐོང་བས་ན། མོ་དགའ་བ་འབུམ་གྱིས་མྱོས་ཏེ “ང་ནི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ཏང་ཡོན་ཡིན། ངའི་ཕྲག་ཏུ་ཏང་ཨུ་དང་སྲིད་གཞུང་དང་མངགས་སྡོད་ལུས་ཁུངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་བཅས་འཁུར་ཡོད་པས། ངས་ངེས་པར་དུ་ཧུར་ཐག་དང་འབད་བརྩོན་བྱས་ཏེ། བདེ་ཆེན་སྡེ་བ་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་ཆེན་དུ་བརྟན་བརླིང་ངང་བསྐྱོད་དུ་འཇུག་རྒྱུ་ཡིན”ཞེས་བཤད། །

(དངོས་སྦྱོང་སློབ་མ་འཕགས་མ་མཚོ་དང་ཚེ་འཛིན་གཉིས་ཀྱིས་བསྒྱུར།)


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།