མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ལྕགས་བྱམས་རྒྱལ།

ཕྱིར་མིག་ཁྲོད་ཀྱི་སེམས་ངལ།

རྩོམ་པ་པོ། ལྕགས་བྱམས་རྒྱལ། ཟི་ལིང་།    2014-05-13 13:21

ལོ་ཟླ་ག་ཙམ་གྱི་ཡར་སྔོན་དེ་ལ།།
རེ་བ་དྲོད་མོ་ཞིག་སེམས་ལ་བཅུག་ནས།།
སེམས་པ་དམར་པོ་འདི་ཁྱོད་ལ་བསྟན་ཀྱང་།།
སྐྱིད་སྡུག་རེས་མོས་ཀྱི་མི་ཚེའི་ལམ་ཁར།།
མི་རྐྱང་འཁྱམ་པོ་ཁོ་སྡུག་ལ་སྦྱར་སོང་།།

མེ་ཏོག་ལྷུག་ལྷུག་གི་དབྱར་གཞུང་ཞིག་ལ།།
གར་འཕུར་ཕྱོགས་མེད་ཀྱི་ཁུ་བྱུག་ཞིག་གིས།།
ནགས་གསེབ་འཇོན་མོ་ལ་སེམས་པ་ཤོར་ནས།།
སྡོང་ལོའི་སྟེབས་ཁུག་ལ་ཚང་མལ་བཅོས་ཀྱང་།།
ལྡོག་མེད་ལས་འཕྲོ་ཡིས་སོ་སོར་གཏོར་བཞག།

དཔྱིད་ཀ་སླེབས་སྟངས་ལ་མིག་ཟུང་ཅེར་ནས།།
སྦྲང་ཆར་འབབ་སྟངས་ལ་ཡིད་སེམས་འཕྲེང་ཏེ།།
མེ་ཏོག་གསར་བཞད་ཀྱི་དུས་ཚིགས་ཁོ་ནར།།
ཁོ་བོས་ཅི་ཙམ་ཞིག་རེ་ཞིང་སྒུག་པ།།
མ་ཤི་ཡ་ཆུང་ན་ད་དུང་ཉར་ཡོད།།

བརྩེ་བ་བལ་འཇམ་གྱི་རྨུ་ཐག་རིང་མོ།།
ཁྱོད་ཉིད་གཅིག་པུ་ལ་ནམ་རྒྱུན་འཐེན་ནས།།
སྨོན་འདུན་གྲངས་མེད་ཀྱི་རླུང་རྟ་གཏོར་བཞིན།།
དགའ་བདེ་གཡང་འཁྱིལ་གྱི་གཞིས་ཁྱིམ་ཅིག་ལ།།
སྨོན་ལམ་བཏབ་པ་ནི་གྲངས་ཀྱིས་གཞལ་དཀའ།།

ཁོ་བོ་ཁྱོད་ཉིད་ལ་འདི་ལྟར་དགའ་ཚུལ།།
ལོ་ངོ་བཅུ་གྲངས་ལ་ཅི་ལྟར་བརྗོད་ཀྱང་།།
སེམས་མགུ་ཟུར་མིག་གི་སྔོན་བསུ་མེད་པས།།
དམའ་མོ་ཐང་གཞུང་གི་ལྟེབས་ཁུག་ཅིག་ནས།།
ནམ་མཁའི་རྒྱུ་སྐར་ལ་ལག་རྙོབས་བྱས་འདྲ།།

བག་ཆགས་ཟབ་བཞག་གི་འབྲོག་མོ་མཛེས་མས།།
ཁྱོད་ཉིད་གཅིག་སྒོམ་གྱི་མི་རྐྱང་ཁོ་བོར།།
ཕྱིར་མིག་མཛེས་འཛུམ་གྱི་ཨ་ལན་མེད་ཀྱང་།།
སེམས་པའི་ཕྱི་ནང་ནས་འདོར་ཐབས་བྲལ་བའི།།
ཁྱོད་ལ་ཚེ་སྔོན་གྱི་བུ་ལོན་ཆད་འདྲ།།

རེ་བ་དུང་དུང་ཅིག་སེམས་ལ་བཅངས་ནས།།
སྙིང་གཏམ་ལྷུག་ལྷུག་ཅིག་ཁྱོད་ལ་བཤད་ཀྱང་།།
མི་ཚེ་ཀྱག་ཀྱོག་གི་ལམ་ཕྲན་དོག་པོར།།
སེམས་ངལ་གསོ་ས་ཞིག་དཀའ་ཙམ་གདའ་བས།།
མི་སེམས་མང་པོ་ཞིག་འདི་ལྟར་རྒས་སོང་།།

དཔྱིད་ཀའི་སྡོང་ལོ་ལ་ལྗང་མྱུག་འབུས་དེ།།
ཁུ་བྱུག་འཇོལ་མོ་གཉིས་བསྐྱར་འཛོམས་བྱུང་དུས།།
ཁོ་བོ་ཁྱེད་ཉིད་ལ་ཡིད་སེམས་འཕྲེང་བཞིན།།
ཚལ་མལ་དྲོན་མོ་ན་སང་ཉིན་བསུ་བའི།།
ཁུ་ལོ་འཇོལ་མོ་ལ་སྨོན་པ་ཤོར་མྱོང་།།

དམའ་མོ་ཐང་གཞོང་གི་ལྟེབས་ཁུག་ཅིག་ལ།།
མེ་ཏོག་རྐང་གཅིག་གི་མཛེས་སྡུག་བསམ་ནས།།
དཔྱིད་ཟླ་རིམ་འཁོར་དང་དབྱར་ཟླ་ཚེས་ཀྱང་།།
ཉམ་ཆུང་གཡུ་སྦྲང་གི་བློ་རྩེ་གཏོད་སའི།།
ཆུང་ཆུང་མེ་ཏོག་དེ་བཞད་རྒྱུ་མ་བྱུང་།།

ཆུ་བོ་བརྒལ་རྗེས་ནས་ཟམ་པ་བརྗེད་ཞིང་།།
ལུས་འབྲེལ་བྱུང་ཉིན་ནས་ལྷམ་བཞིན་དོར་བའི།།
ཁྲེལ་མེད་སེམས་མེད་ཅིག་ཁོ་བོ་མིན་ཡང་།།
མེ་ཏོག་གསར་བཞད་ཀྱི་འདབ་མ་འདྲ་བའི།།
འབྲོག་རའི་བུ་མོ་ཁྱེད་ནམ་མཁའི་འཇའ་ཚོན།།

ལོ་ངོ་གྲངས་མེད་ལ་སེམས་སུ་ཉར་ནས།།
མི་ཚེའི་ལམ་ཁ་ནས་ཨེ་འཕྲད་རེ་ཡང་།།
མཉམ་འཛོམས་ལས་དབང་ཞིག་མེད་པ་ཡིན་ནམ།།
ཁ་ཡིག་སྐོར་ལོག་ཅིག་ཡིན་པ་ཅི་འཚལ།།
གང་ལྟར་རེ་བ་འདི་དཀའ་ཙམ་གདའ་འདུག།

༢༠༡༤/༥/༦ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག