མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ལྕགས་བྱམས་རྒྱལ།

སྐྱེས་སྐར་ལ་ཕུལ་བའི་ལེགས་སྐྱེས།

    2014-04-15 14:02

ཐུང་དྲག་པའི་མི་ལོ་ཉི་ཤུ
ཉི་ཟླའི་འོད་ཟེར་ལ་འཐིམ་ནས་མཁའ་ལ་ཡལ
རིང་དྲག་པའི་མི་ལོ་ཉི་ཤུ
ལོ་ཟླའི་སྒལ་གཞུང་ལ་འབྱར་ནས་ག་ཙམ་འགོར
དུས་དེ་རིང་རེ་སྙེགས་དང་ཡིད་ཆེས
བརྩེ་དུང་དང་ནང་སེམས་ཡོད་ཚད་ལ་ཚང་རྩིས་བྱེད་དུས
མི་ལོ་ཉི་ཤུ་ནི་ཕྱི་གསལ་ནང་གསལ་ཀྱི་གཏམ་རྒྱུད་ཁྲ་ཁྲ་ཞིག
མི་ལོ་ཉི་ཤུ་ནི་བྲོ་བ་ལྷད་མེད་ཀྱི་རྨི་ལམ་ལྗང་ཁུ་ཞིག
བགྲོད་ལམ་དང་སྤྱིལ་བུ་མ་རྙེད་པའི་སྔ་ནུབ་དུ
རླུང་བུ་དང་འཇའ་ཚོན་གྱིས་བསླུས་པ་གྲངས་མེད་ཡིན་ལ
ལྷག་བསམ་དང་བརྩེ་དུང་གིས་བརླན་པའང་རྫོགས་མེད་ཡིན

ཏག་ཏག་དེ་རིང་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན་ལ
མི་ལོ་ཉི་ཤུ་བརྒལ་མཚམས་ཀྱི་སྐྱེས་སྐར་གྱི་ཐོག་མའང་ཡིན
ཉིན་མོ་འདིར་ཁོ་བོས་ལྷད་མེད་དྭངས་གཙང་གི་བརྩེ་བ་ཡོད་ཚད
སྒམ་བརླིང་དཀྱེལ་ཡངས་ཀྱི་སེམས་གཤིས་མཐའ་དག
བརྩེ་དུང་སྦར་མོ་གང་དང་དུ་ལྷན་དུ་ཁྱོད་ལ་སྦྱིན་ངེས
ཁྱོད་ལ་སྐྱེས་སྐར་གྱི་ལེགས་སྐྱེས་སུ་སྦྱིན་ངེས
ཁོ་བོར་འདི་ལས་ལྷག་པའི་ལེགས་སྐྱེས་ལས་གཞན་མེད་ལ
ཁྱོད་ལའང་འདི་ལས་ལྷག་པའི་ལེགས་སྐྱེས་ལས་གཞན་ཅི་མཁོ
སྐྱེས་སྐར་ལ་རྟེན་འབྲེལ་ཞུ
ཚེ་རིང་ལོ་བརྒྱ།

༢༠༡༤/༣/༢༩ཉིན

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག