མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ལྕགས་བྱམས་རྒྱལ།

སེམས་གཞས་སྨུག་པོ།

རྩོམ་པ་པོ། ལྕགས་བྱམས་རྒྱལ། ཟི་ལིང་།    2014-03-21 09:46

ཉི་མ་ཟླ་བ་གཉིས་རེས་འཁོར་རེས་གསལ།།
རེ་བའི་འོད་སྣང་དེ་རེས་གསལ་རེས་མོག།
རོལ་བའི་འཚོ་བ་འདི་ཡང་བཟློས་བསྐྱར་བཟློས།།
འཁོར་བའི་ཐང་ཆེན་འདིར་སྐྱིད་རེས་སྡུག་རེས།།

སྲིད་པའི་ཆགས་རིམ་དང་འཁོར་བའི་ཆོས་ཉིད།།
མི་ཕོ་ཆུང་ཆུང་ང་གསལ་ཁ་མེད་ཀྱང་།།
འཚོ་བའི་ཆ་ཤས་སམ་དགའ་སྐྱོ་ཆགས་སྡང་།།
ཡིད་ལ་གང་དྲན་ཞིག་འབྲི་བར་གོམས་ཡོད།།

སེམས་པ་འདིའོ་ཞེས་སྟོན་དགོས་མི་འདུག།
དམ་ཚིག་འདི་ཡིན་ཞེས་མནའ་ཚིག་མ་བཞེས།།
སྣང་བ་འཇའ་ཚོན་གྱི་ཁ་དོག་ཅིག་ལས།།
དྭངས་གཙང་ལྷད་མེད་ཀྱི་སེམས་གཤིས་དེ་གཙོ།།

ཆུ་ཆེན་རླབས་འགྲོགས་ཀྱི་མི་ཚེའི་ལམ་ཁར།།
མི་ཁ་གྲངས་མེད་ཀྱི་གཡང་ལ་འཕང་ཀྱང་།།
ཚེ་ཡི་གཟུང་ཐག་གི་འདང་ཚད་ཅིག་ལ།།
མགོ་བོ་མཐོ་མཐོ་དེ་མཐོ་བར་གྱུར་ཅིག།

ཞལ་འཛོམས་དགའ་སྐྱིད་ཀྱི་མི་ཚེ་ཐུང་ཐུང་།།
སོ་དཀར་འཛུམ་ཆུང་གི་དོན་དུ་མིན་པའི།།
སྐྱིད་སྡུག་གང་འཕྲད་ཀྱི་ལས་ཀྱི་ལམ་ཁར།།
མི་སེམས་ཤོག་དཀར་ལ་ནག་ཐིགས་མ་ཕབ།།

ཧམ་སེམས་འདོད་ཆགས་ཀྱི་སེམས་དེ་གཡུགས་ཤོག།
བསླུ་བྲིད་ཟོལ་འཛུམ་གྱི་ཐབས་དེ་བསྐྱུར་ཤོག།
རང་བློ་གང་འཚམ་གྱི་སྤྱིལ་བུ་ཞིག་ལ།།
རང་གི་ནུས་ཚོད་ཀྱི་བདག་པོ་རྒྱོབས་ཤོག།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག