མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- དོན་གྲུབ་རྒྱལ།

གོམས་གཤིས་ལགས། བདག་གི་སྙིང་གཏམ་འདི་ལ་གསོན།

རྩོམ་པ་པོ། རང་གྲོལ།    2014-03-06 09:50

ས་སྲོད་ཀྱི་ཡོལ་བ་ནུབ་ཕྱོགས་ནས་འཐེན་པའི་སྐབས་སུ།
ང་རང་གི་སེམས་ལ་འཆར་སྣང་མང་པོ་ཞིག་འཁོར་བྱུང་།
ངོ་མ།
འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ལ།
རང་རང་གི་གོམས་སྲོལ་དང་ལོབས་ཕྱོགས་ནི་ཡོད་ངེས་རེད།
ཆུ་བོ་ཡིན་ན་ཐུར་དུ་འབབ་པ་དང་།
མེ་ལྕེ་ཡིན་ན་གྱེན་ན་འབར་ཞིང་།
མེ་ཏོག་མཁའ་ནས་མི་གད་ལ།
མི་རིགས།
ཁྱོད་ནི་ཅི་འདྲའི་གསང་བ་ལྐོག་གྱུར་གྱི་ཐ་སྙད་ཅིག་རེད་ཨང་།
གོམས་གཤིས།
ཁྱོད་ནི་ཅི་འདྲའི་ཁ་ལ་བདེ་ཞིང་རྣ་ལ་སྙན་པའི་མགུར་མ་ཞིག་རེད་ཨང་།
འཇིག་རྟེན་གྱི་མི་རིགས་ལ།
རང་གི་ལོ་རྒྱུས་དང་།
རང་གི་སྐད་ཡིག
རང་གི་ཁྱད་ཆོས།
རང་གི་བསམ་བློ།
རང་གི་ཡུལ་སྲོལ།
རང་གི་གོམས་གཤིས་དང་།
རང་གི་མངའ་རིས་ཤིག་ལོས་ཀྱང་ཡོད།
ཡིན་ནའང་།
གོམས་གཤིས་ཀྱི་མཛེས་མ་ལགས།
གཅིག་བྱས་ན་བདག་གི་ཚིག་འདི་དག
སངས་རྒྱས་ལ་ཀ་ཁ་དང་།
ཉི་མ་ལ་སྒྲོན་མེ་ཡི་དཔེ་ལྟར་འགྱུར་ཀྱང་སྲིད་མོད།
འོན་ཀྱང་།
བོད་ཁ་བ་ཅན་གྱི་གཞོན་ནུ་ཞིག་གི
སེམས་ཀྱི་གཏིང་།
མཆིན་པའི་ཞབས།
མདོར་ན།
སྙན་པའི་བསྔགས་བརྗོད།
དད་པའི་སྙིམ་པ།
དགྱེས་པའི་མཆོད་སྤྲིན་འབུལ་བའི་ཞོར་ལ།
གོམས་གཤིས་ཀྱི་མཛེས་མ་ཁྱེད་ལ།
སྐྱོན་གྱི་རྨང་།
ཉེས་བའི་གཞི།
ངན་གྱི་མཚང་།
དེ་དང་དེ་ལ་སོགས་པའི་གནད་དོན་འགའ་ཞིག་འདྲི་བར་འདོད་དེ།
གལ་སྲིད་གོམས་གཤིས་ཀྱི་མཛེས་མ་ཁྱེད་ལ་མཚང་ལ་ཕོག་པ་དང་།
ཡང་ན་གོམས་གཤིས་ཀྱི་མཛེས་མ་ཁྱེད་ལ་མི་འདོད་པའི་ཕོག་ཐུག་བཏང་བ་ཡིན་ན།
མཛེས་མ་ཁྱེད་ཀྱི་སྙིང་རྗེའི་བྱིན་རླབས་དང་།
མཛེས་མ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས།
ཁོ་བོའང་མར་གྱུར་སེམས་ཅན་ཐམས་ཅད་དང་འདྲ་བར།
མཐོ་དམན་ཉེ་རིང་མེད་པར་རྗེས་སུ་འཛིན་པར་གནང་།
གོམས་གཤིས་ཀྱི་མཛེས་མ་ལགས།
ཁྱོད་ནི་ལོ་ངོ་དུང་ཕྱུར་མང་པོའི་རིང་གི་མཛེས་མ་ཡིན་ལ།
དོན་སྔ་དང་སྣོད་དྲུག་གི་ཨ་སྔོན་གྱི་དབྱིངས་སུ།
ལེགས་པར་ཀུན་སློང་གི་ཆུ་འཛིན་ལང་ལོང་དུ་འཁྲིགས་པ་དང་།
དགེ་བའི་ལྷག་སེམས་ཀྱི་གློག་ཞགས་འཕྲུལ་འཕྲུལ་དུ་འཁྱུག་ཅིང་།
རྣམ་དཀར་འཕྲིན་ལས་ཀྱི་གྲུ་གར་ཟིམ་ཟིམ་དུ་འཇོ་བའི་ཁྲོད་ན།
བསམ་བློ་འཆིང་བྱེད་ཀྱི་ལྩགས་སྒྲོག་རང་ཤུགས་སུ་གྲོལ་བའི།
དབྱར་སྐྱེས་རྔ་གསེང་གི་སྙིང་གཏམ་འདི་ལ།
ཁྱོད་རང་འོ་བརྒྱལ་ཡིན་ཀྱང་།
ལན་ཅིག་གསན་པར་གནང་།
གོམས་གཤིས་ཀྱི་མཛེས་མ་ལགས།
ཁྱེད་རང་ཤ་ཟན་གདོང་དམར་གྱི་རྒྱུད་ལས་འཁྲུངས་པའི་ཕྱིར།
ཁྱེད་ཀྱི་ཤ་རྩ་སྨུག་ཅིང་གཞོན་ཤ་ཆགས་ལ་མཁུར་ཚོས་དམར།
ཁྱེད་རང་བསིལ་ལྡན་གངས་རིའི་ལྗོངས་ནས་ལང་ཚོ་དར་སྟབས།
ཁྱེད་ཀྱི་ངང་རྒྱུད་འཇམ་ཞིང་ལྷག་བསམ་དཀར་ལ།
བྱམས་དང་སྙིང་རྗེ་ལྡན།
ངོ་མ། ཁྱེད་ཀྱི་མཛངས་ཡོན་ནི་བརྗོད་ལས་འདས་པ་དང་།
ཁྱོད་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་རེད།
ཡིན་ན་ཡང་།
ངས་ཁྱོད་ལ་བསྟོད་པའི་གླུ་དབྱངས་དང་།
ལུས་ཀྱི་གཞོན་ཤ་ནི་ལོ་རྒྱུས་ཀྱི་འཕེལ་འགྲོས་དང་།
མདོང་གི་དམར་བ་ཡང་ལོ་ཟླ་ཡི་འཆར་ནུབ་དང་བསྟུན་ནས་ཆགས་པ་ཡིན་མོད།
འོན་ཀྱང་།
ད་ལྟའི་དུས་འདིར་ཁྱོད་ནི་ཆོག་ཤེས་སེམས་ཀྱི་དུག་ཆང་གིས་མྱོས་ཏེ།
རང་གི་གདོང་ལ་མི་འོས་པའི་གཉེར་མ་གོན་པ་དང་།
རང་ཉིད་ནི་འཛམ་གླིང་མཛེས་མའི་གཙུག་རྒྱན་ཡིན་ཞེས།
རང་མགོ་རང་གིས་གཡོགས་པར་མ་ཟད།
རང་སེམས་རང་གསོས་ཏེ།
རང་ཉིད་ཀྱི་རང་ཚུགས་དོར་བ་དང་།
མི་རིགས་ཀྱི་ལ་རྒྱ་དོར་ཞིང་།
ངའོ་སྙམ་པའི་ང་རྒྱལ་ཁེངས་ནས།
བག་ཏུ་འཁུམ་པའི་བཟོ་ལྟ་དེ་མཛེས་སམ།
གོམས་གཤིས་ཀྱི་མཛེས་མ་ཁྱེད་ལ།
ཁོང་གི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་སྲུང་བྱེད་ཀྱིན་ཡོད་ལ།
གོམས་གཤིས་ཀྱི་མཛེས་མ་ཁྱེད་དང་བྲལ་ན་ནི་བདག་ནི་འཚོ་ཐབས་བྲལ་ཞེས་སྨྲ་ན་ཡང་།
དེ་དག་ལ་ཁོ་བོ་ནི་ཡིད་རྟེན་མི་འཕེར་ཏེ།
མཛེས་མ་ཁྱོད་ལ་གཅེས་སྲུང་དང་།
མཛེས་མ་ཁྱེད་ལ་བསྔགས་བརྗོད་བྱེད་པ་ནི།
སྐབས་མང་ཤོས་སུ་ཁོ་རང་གི་ཁེ་ཕན་དང་ཐོབ་ཤོར་ལ་རགས་ལས་པའི་ཕྱིར་རོ།
ཀ་ཡེ། གོམས་གཤིས་ཀྱི་མཛེས་མ་ལགས།
གལ་སྲིད་རྒྱ་གར་གྱི་ཏིག་ཏ་དང་།
བལ་བོ་ཡི་གུར་ཀུམ།
རྒྱ་ནག་གི་དུག་འཇོམས།
འབྲུག་ཡུལ་གྱི་གངས་སྦལ།
སྟག་གཟིག་གི་དར་ཟབ།
དེ་དང་དེ་ལ་སོགས་པའི་རམ་འདེགས་དང་་གཞོགས་འདེགས་མེད་ན་ཡིན་ན།
གོམས་གཤིས་ཀྱི་མཛེས་མ་ཁྱེད་ལའང་།
ལང་ཚོའི་དཔལ་ཡིན་རྒྱས་མི་ཐུབ་ལ།
གདོང་གི་དམར་བའང་ཡོང་སྲིད་ཀྱི་མ་རེད།
གོམས་གཤིས་ཀྱི་མཛེས་མ་ལགས།
ཁྱེད་ལའང་མི་མཛེས་པར་སྒྲོན་མོར་རྒྱུ་བའི་དུས་སྐབས་ཤིག་ཡོད་ལ།
ཁྱོད་ལའང་གོས་སུ་ཤིང་ལོ་གྱོན་པ་ནས་རི་དྭགས་ཀྱི་པགས་པ་གྱོན་པའི་ལོ་རྒྱུས་ནི་ངེས་པར་ ཡོད་ཚོད་དུ་གདའ།
གལ་སྲིད།
ཁྱོད་ཀྱིས་གོམས་སྲོལ་གྱི་འཆིང་སྒྲོག་དེ་གཏོར་ཐུབ་རྒྱུ་ན།
ཁྱེད་རང་རྗེས་ལུས་ཀྱི་སྤྱི་ཚོགས་དེའི་གནས་སྒོར་འགྲིམས་པའི་སྡུག་བསྔལ་ཀྱང་ཡོད་སྲིད་རྒྱུ་མ་ རེད།
གལ་སྲིད།
ཁྱོད་རང་རྡོ་ཆས་དང་རུས་པའི་ཡོ་བྱད་ལ་མོས་པ་མེད་པ་ཡིན་ན།
ཁྱོད་རང་ལ་ལོ་རྒྱུས་ཀྱི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་ཡང་ཡོད་ག་ལ་སྲིད།
དེའི་ཕྱིར།
གོམས་གཤིས་ཀྱི་མཛེས་མ་ལགས།
ཁྱོད་ཀྱི་ལང་ཚོ་ནི་ཅི་འདྲའི་དར་དཀའ་བ་ཞིག་དང་།
ཁྱོད་ཀྱི་ལུས་སྟོབས་ཀྱང་ཅི་འདྲའི་རྒྱས་དཀའ་བ་ཞིག་རེད་ཨང་།
ཁྱོད་ལ་གསལ་འདེབས་བྱེད་པའི་དགོས་པ་ནི་ངེས་པར་དུ་མ་མཆིས་མོད་ཀྱང་།
གསར་བྱུང་གི་སྟོབས་ཤུགས་མེད་པ་ཡིན་ན།
རྒྱ་མཚོ་ཡིན་ཀྱང་རུལ་བར་འགྱུར་ལ།
གསར་གཏོད་ཀྱི་སྙིང་སྟོབས་མེད་མ་ཡིན་ན།
གསར་པ་ཡིན་ཀྱང་སྙིང་པོ་ག་ལ་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག