རེབ་གོང་ནི་དགུན་ཟླ་བཅུ་བའི་ནངས་མོ་ཞིག་རེད
བིས་མདོ་ནས་རེབ་གོང་ལ་ཆས་པ་དེ
གཞན་གང་གི་དོན་དུ་ཡང་མིན་ཏེ
ཨ་མྱེས་གུར་མགོན་གྱི་ཟངས་སྐུ་ཞིག་མཁོ་བ་དེའི་ཆེད་ཡིན
ཉི་ཟེར་ས་ལ་ཕོག་པ་དེས
རི་ཀླུང་གང་གི་ས་རྡུལ་ལ་གཉེར་མ་ཕབ་འདུག
ང་ཨ་ཕ་དང་མཉམ་དུ་རེབ་གོང་ལ་ཐོན་ཡོད
ཨ་ཕས་རེབ་གོང་ནི་སྔོན་ཆད་མཁས་པ་མང་ས་དེ་ཡིན་ཟེར
ང་ཡིས་རེབ་གོང་ནི་ད་སྔ་སྙན་ངག་པ་མང་ས་དེ་ཡིན་ཟེར
རླངས་འཁོར་ལས་ས་ལ་བབས་རྗེས
ངས་སྐད་འཕྲིན་གྱི་བར་སྟོང་ནས་རེབ་གོང་ལ་ཐོན་ཡོད་ཚུལ་ལབ
གྲང་རླུང་རུས་ལ་ཟུག་པའི་སྲང་ལམ་ན
མྱི་ཚོགས་གང་ཞིག་ལ་བྲེལ་འདུག
ཚོང་ཁང་གང་གི་ཚོང་བདག་གི་གདོང་ལས
ངས་རེབ་གོང་གི་མཁས་ཚུགས་དང
ངོ་གདོང་གཞན་ཞིག་རྙེད་སོང
དེ་ནི་ཡིད་ལའང་མ་དྲན་པ་ཞིག་རེད་འདུག
ངས་ངོ་གདོང་དེ་ལ་ཅི་ལྟར་འགྲེལ་བརྒྱག་དགོས་སམ
རོང་བོ་དགོན་ཆེན་གྱི་འདབས་ནས
ངས་སྒྲོལ་མ་ཐང་ཆེན་ཟེར་བའི་ཐང་ཞིག་མཐོང་སོང
དེ་ན་ང་ལ་ཅི་ཡང་ལྷག་མི་འདུག
བཱ་ཡན་པ་ཟེར་བའི་རྩོམ་གྲོགས་ཤིག་ལས
ཁོ་རང་གྲྭ་ཤག་གང་གི་ཕུགས་ན་སྙན་ངག་ལ་འཐམ་ཡོད་དམ
སྲང་ལམ་ནས་ཉུལ་ཉུལ་མཐར
མགོ་དཀྲིས་སྔོན་མོ་བཟུང་ནས་ཞབས་བྲོ་རྒྱག་བཞིན
སྒོར་མོ་སློང་བཞིན་པའི་ཨ་ཡེ་རྒན་མོ་དེས
ང་ཡི་དྲན་པ་དང
སེམས་ཚོར་གཞན་ཞིག་དཀྲོགས་སོང
རེབ་གོང་གི་གྲང་རླུང་དང
རེབ་གོང་གི་མྱི་ཚོགས
རེབ་གོང་གི་ངོ་གདོང་དག
སྲང་ལམ་གང་ཞིག་ན་རྡུང་ལེན་དཀྲོལ་བཞིན
མྱི་ཚོགས་རུབ་ཡོད་པའི
ཨ་ཡེ་གཞན་ཞིག་གི་གླུ་སྐད་ལས་འཐོར་སོང
རེབ་གོང་ནས་ཕྱིར་བིས་མདོ་ལ་ལོག་དུས
རླངས་འཁོར་གྱི་སྒེའུ་ཁུང་ལས
ངས་སྐྱེས་ཆེན་སུ་ཞིག་མཐོང་བའི་སྣང་བ་དེ
དགུ་རོང་ཁོག་ཡོད་སའི་ལུང་བ་ཁ་ཞེང་དོག་མོ་དེར་ཤོར་སོང
ཡང་བསྐྱར་སྐྱེས་ཆེན་སུ་ཞིག་བིས་མདོ་བརྒྱུད་ནས
དྷི་ཚ་ལ་ཆས་པའི་ཞབས་རྗེས་ནི
ལུང་ཁོག་གང་ནས་རྒས་སོང་བའི་སེམས་ཁུར་ཡང་ཡོད་ཚར
རེབ་གོང་ནི་སྙན་ངག་ཅིག་རེད
རེབ་གོང་ནི་སྙན་ངག་པ་ཞིག་རེད
རེབ་གོང་ནི་བརྡ་ཁྱབ་ཅིག་རེད
༢༠༡༣ ༡༢ ༢༧