མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ལྕགས་བྱམས་རྒྱལ།

བརྩེ་དུང་ལ་གོ་བ་ལེན་ཚུལ་ཞིག

རྩོམ་པ་པོ། ལྕགས་བྱམས་རྒྱལ།ཟི་ལིང་།    2014-02-17 11:12

དུས་ཚོད་ཀྱི་སྐར་ཆ་མང་པོ་ཞིག
སེམས་པའི་རྒྱབ་ཕྱོགས་སུ
རྦབ་ཆུ་ཇི་བཞིན་ཆལ་ཆིལ་ངང་འབབ་གྱིན་འདུག
ངུ་མ་ཐུབ་པའི་མིག་ཆུའི་རྡོག་པོ་རེ་རེ་ཡང
ག་ལེར་བདག་གི་སེམས་ཁོང་དུ་སིམ་བཞིན་ཡོད

གསོན་ཤུགས་མ་ཉམས་པའི་ལོ་ཟླ་ཧྲིལ་བོ་འདི་དག་ལ
རེ་སྙེགས་མག་མོག་གི་ཁྲོད་ནས
རང་ཉིད་བོར་ཞིང་རང་ཉིད་བརྗེད་ནས་དུས་ཚོད་ག་ཙམ་ཞིག་ཕར་ལ་འདས
ཚེར་མ་བཞིན་འཛེངས་ཤིང་སྐྱེས་པའི་སེམས་བྱུང་གི་ཚོགས་ནས
མི་སེམས་ལ་ན་ཟུག་སྟེར་བའི་མི་ཁའི་གནས་སྟངས་ལ་སེམས་པ་གླན་སྟེ
ལ་གཞས་གཉོམ་པོ་ཞིག་ངག་ནས་ཤོར

སྐབས་ལན་རེར
བརྩེ་དུང་ཞེས་པ་ནི་མེད་ན་མི་ཆོག་ལ
མང་ན་མི་རུང་བའི་འཚོ་བའི་ནང་གི་ཚྭ་སྐྱུར་དང་མཚུངས་ལ

སྐབས་ལན་རེར
བརྩེ་དུང་ཞེས་པ་ནི་ལུས་སེམས་གཉིས་ཀ
སྡུག་ལ་སྦྱོར་བའི་ཉེས་ཅན་ཞིག་དང་འདྲ

མདོར་ན
བརྩེ་དུང་ཞེས་པའི་ཐ་སྙད་འདིས་དྲང་ལྡོག་གང་རུང་ནས
ཐོབ་འདོད་པ་གྲངས་མེད་ཅིག་ཐོབ་དུའང་འཇུག་སྲིད་ལ
ཐོབ་འདོད་པ་གྲངས་མེད་ཅིག་ཤོར་དུའང་འཇུག་སྲིད

ད་དུང
བརྩེ་དུང་ཞེས་པའི་ཐ་སྙད་འདིས་མངོན་ལྐོག་གང་རུང་ནས
མི་སེམས་མང་པོ་ཞིག་དགོད་དུའང་བཅུག་མྱོང་ལ
མི་སེམས་མང་པོ་ཞིག་ངུ་རུའང་བཅུག་མྱོང
དགའ་སྐྱོ་གཉིས་ཀྱི་སོ་མཚམས་ན་འགྲེང་བའི་མི་སེམས་མང་པོ་ཞིག
ཐོབ་ཤོར་གཉིས་ཀྱི་ལ་ཁ་ན་འགྲེང་བའི་མི་སེམས་རྫོགས་མེད་ཅིག

བརྩེ་དུང་ལ་སྙིང་ནས་དགའ་ཞིང
བརྩེ་དུང་ལ་སྙིང་ནས་སྡང

༢༠༡༣.༡༢.༣ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག