མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- མཛེས་སེ།

ལྷོ་ནུབ་སྲིན་པོའི་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག

རྩོམ་པ་པོ། མཛེས་སེ།    2013-05-27 09:38

    ཁམས་གསུམ་འགྲོ་བའི་ཤིང་རྟ།

    ང་ཡི་ནམ་མཁར་བཞུགས་རོགས།

    མུན་པའི་དོང་ལམ་བརྒྱུད་ཅིང་།

    འོད་སྣང་ཁྲིད་དེ་བྱོན་པ།

    

    

    ཡངས་པའི་གོས་ཤིག་གནངས་ཏེ།

    ཨ་སྔོན་འཁོར་ལོ་རྩིབས་བརྒྱད།

    དོག་མོའི་གདན་ཞིག་ཐོབ་སྟེ།

    གངས་ལྗོངས་པདྨ་འདབ་བརྒྱད།

    འདྲེན་བྱེད་ཆ་གཅིག་བསྩལ་པ།

    སེམས་ཀྱི་ཉི་མ་ཟླ་བ།

    སྙན་པའི་གཞས་ཤིག་བཏང་བྱུང་།

    སངས་རྒྱས་སྟོང་གི་གསུང་དབྱངས།

    རྟེའུ་གཞན་ལ་བཀར་ཀྱང་།

    རང་གི་སྐྱེད་མ་ཤེས་ཀྱི།

    རྒྱུ་འབྲས་ཅན་གྱི་སྐྱེས་བུས།

    གུ་རུའི་བཀའ་དྲིན་མི་ཤེས།

    ཁྱི་ལ་ཟས་ལྷག་སྦྱིན་ཀྱང་།

    མཇུག་མ་གྱེན་དུ་གཡུགས་སྲིད།

    མང་ཐོས་དཔྱོད་ལྡན་ཁྱུ་ཞིག།

    དགྲ་ལས་གཉེན་ལ་སྡང་བ།

    

    འགྲོ་དོན་ཁྱིམ་བཞིན་སྐྱོང་བའི།

    བྱ་བཏང་རྣལ་འབྱོར་དག་ལ།།

    ཆ་ལུགས་བཙོག་པའི་མི་ཞེས།

    ཁ་གཉེར་སྣ་གཉེར་བྱེད་ཀྱི།

    རང་དོན་ཆོས་བཞིན་སྒྲུབ་མཁན།

    ཁེ་གྲགས་རྩོད་པའི་བཙུན་གཟུགས།

    བསྟན་པའི་སྲོག་ཤིང་ཟེར་ནས།

    རྐང་ངན་ཐོད་དུ་བླངས་སོང་།

    

    རྒོད་པོའི་གཤོག་ཟུང་འཇོམས་པའི།

    རླུང་གི་སྤུ་གྲི་མ་མཐོང་།

    སྡོང་སྐམ་ཁོག་རུལ་དག་གིས།

    སྲིན་ལག་ག་སར་བརྐྱངས་པ།།

    མཁའ་འགྲོ་བྱེ་བའི་བཞུད་ལམ།

    སུ་ཡིས་ཁོགས་ཚོད་མིན་ཡང་།

    གཡང་གཟར་བྲག་རི་དུ་མས།

    མདུང་རྩེ་དགུང་ལ་གཏད་སོང་།

    

    བདག་འཛིན་ཁ་ནས་དོར་ཞིང་།

    ཕྱོགས་ཞེན་ཁོང་དུ་སྦེད་ན།

    ཀྱེ་མ་བདག་གི་མགོན་པོ།

    གང་དེ་ཐུགས་ལས་འདོར་རོགས།

    ཉི་ཟླའི་གཟི་བྱིན་གྱོན་ནས།

    མིག་ཟུང་ལག་པས་འགེབས་ན།

    ཀྱེ་ཧུད་སྲིད་ཞིའི་སྤྱི་དཔལ།

    གང་དེར་མཚན་མོ་གནང་རོགས།

    

    མུན་པའི་དོང་ལམ་བརྒྱུད་དེ།

    འོད་སྣང་ཁྲིད་ནས་བྱོན་པ།

    ཁམས་གསུམ་འགྲོ་བའི་ཤིང་རྟ།

    ང་ཡི་ནམ་མཁར་བཞུགས་རོགས།

    ༢༠༠༩ལོའི་ཟླ༡༠པར།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག