གངས་དཀར་རི་བོ་མཐོང་དུས།
སྙིང་ལ་རུས་པ་ཡོད་སོང་།
སྦྲང་དཀར་རྩམ་པ་མེད་པས།
ཟས་བརྒྱ་ཟོས་ཀྱང་མི་འགྲང་།
མིང་དོན་མཐུན་པའི་ཉིན་བྱེད།
རྒྱང་ནས་བརྩེ་བས་གཟིགས་འདུག།
རྟ་མཆོག་ལ་རྒྱ་འགྱུར་མེད།
སྒ་ཆས་རྒྱབ་ནས་མི་འདོར།
གནའ་བོའི་གྲོང་ཁྱེར་འཇིག་གྱུར།
ཐང་ན་གཞས་ཤིག་ལུས་འདུག།
གྲོ་ནས་གསེར་དང་མཚུངས་ཡང་།
ཕྱུགས་ཀྱིས་འབྲོག་ར་དྲན་པ།
ཕྱོགས་ཀྱི་དགེ་འདུན་ཁྲི་སྟོང་།
ལྡེབས་རིས་ཕག་ཏུ་སྒོམ་ཞིང་།
དུས་གསུམ་མུན་སེལ་སྒྲོན་མེ།
བྱེ་མའི་ཀླུང་དུ་གཟིམ་པ།
ཚ་ཟེར་འགོག་པའི་གདུགས་དེས།
ས་གཞིའི་མིག་ཟུང་བཀག་བྱུང་།
སྦྲང་ཆར་སྦྲུམ་པའི་སྤྲིན་གྱིས།
སུ་ཡི་བརྩེ་དུངས་བརླན་ནམ།
ཨ་སྔོན་དབྱིངས་ཀྱི་ཕྱེད་ཀ།
མྱ་ངམ་ཐང་གིས་རྨས་སོང་།
དྭངས་བསིལ་གཙང་བོའི་ཁོག་སྨད།
རྒྱལ་ཁམས་གང་ལ་འགྲིམས་སམ།
༢༠༠༨ལོའི་ཟླ༧པར་ལི་ཡུལ་དུ།