༤. ༡༤ ཡུལ་ཤུལ་དུས་དྲན་ལ་ཕུལ་བ།
ད་ནིང་ རབ་ཏུ་འཚེར་བའི་ཉི་འོད་ཅིག
ངའི་ཁང་ཆུང་གི་སྒེའུ་ཁུང་ལས་འཕྲོས་ཡོང
ད་ནིང་ རབ་ཏུ་དྭངས་པའི་ནམ་མཁའ་འདིས
ས་གཞི་ཡི་རྡུལ་ཕྲན་དག་བཙོན་དུ་བཅུག་ཟིན
ད་ནིང་ ངས་ཁྱེད་ཚོ་ལ་ཉི་འོད་ཀྱི་དྲོད་ཐིགས་སྤར་མོ་གང་
མིག་ཆུ་དང་བསྲེས་ནས་བསྐུར་ཡོད
ཡུལ་ཤུལ་ ངའི་བོད་པ་ཚོ
མགོ་བོ་དགྱེ་ནས་ལྟོས་དང་
སྤྲིན་དཀར་སྲབ་མོ་ཞིག་ཁུ་སིམ་མེར
ཁྱེད་ཚོའི་གམ་དུ་བཅར་ཡོང་ན
དེ་ནི ངའི་སེམས་པ་ཡི་དྲོད་མལ་གཅིག་པུ་ཡིན་པས
དེ་རིང་ཁྱེད་ཚོར་ཕུལ་ཡོད
ཡུལ་ཤུལ་ ངའི་བོད་པ་ཚོ
ཁྱེད་ཚོ་འགྲོ་ས་དེ་མུན་ནག་རེད་བསམས་ཏེ
ངས་ཇོ་བོའི་སྐུ་མདུན་ན་མར་མེ་གང་མང་བསྒྲོན་ཡོད
ཁྱེད་ཚོ་སྡོད་ས་དེ་གྲང་གི་བསམས་ཏེ
ངས་གློ་སྙིང་གི་དྲོད་འཁོལ་ཡོད་ཚད་
ཁྱེད་ཚོར་ནན་གྱིས་གླན་ནས་ཡོད
ཡུལ་ཤུལ་ ངའི་བོད་པ་ཚོ
དེ་རིང་ཁྱོད་ཚོས་མྱ་ངན་གྱི་ཞྭ་མོ་དེ་ཕར་ལ་བསྐྱུར་ནས
མགོ་བོ་དགྱེ་ནས་ཐེངས་གཅིག་ལྟོས་དང་
ཁྱེད་ཚོ་བྲེལ་འཚུབ་ཀྱིས་སོང་ཤུལ་ན
ང་ཚོས་མིག་ཆུ་དག་ཧུར་བརྩོན་གྱིས་ཕྱི་ནས
ཁྱེད་ཚོར་གནས་མལ་ཞིག་བཅོས་ནས་བསྒུགས་ཡོད།