མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

ཕྱིར་འོང་གི་སེམས་པ་འདི།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-10 10:50

རེབ་གོང་ནས་ཕྱིར་འོང་བ།

ཟི་ལིང་ལ་འབྱོར་དུས

རེབ་གོང་ཧ་ཅང་ཉེ་སར་འདུག་པ་ཚོར་ཞིང་

དུས་ཚོད་ཅི་ལྟར་ཐུང་ཡང་

ང་ངེས་པར་རེབ་གོང་ལ་ཐེངས་གཅིག་འགྲོ་དགོས་བསམ

དགེ་མདུན་ཆོས་འཕེལ་

དོན་གྲུབ་རྒྱལ་

ཡང་ན་ ངའི་དེ་རིང་ཁ་སང་གི་སྤུན་ཟླ་ཚོ

རེབ་གོང་ཟེར་བའི་བོད་པ་ཚང་གི་གཞིས་ཁྱིམ་དེ་ན

མེས་པོ་སུ་ཞིག་གི་རྗེས་ཤུལ་སྙེག་གིན་ཡོད་པས

ངས་སྐར་ཆ་གཅིག་གི་དུས་ཚོད་ལྷག་མ་ཡང་

ཟི་ལིང་གྲོང་ཁྱེར་དུ་བརླག་མ་ཕོད

བཞུར་སྒྲ་མེད་པའི་གཙང་པོ་དེ

རྨ་ཆུ་ཡིན་ཟེར་བཞིན

ངའི་གྲོགས་པོས་ང་རེབ་གོང་ལ་འགྲོ་བའི་ལམ་ཁ་བསྟན

དུས་ཚོད་གཉིས་གསུམ་དེ་ལྟར་འདས་ཟིན་དུས

ང་ངོ་མ་རེབ་གོང་ལ་བསླེབས་ཤིང་

སྙིང་ཉེ་བའི་རེབ་གོང་དེས

ང་ལ་ཆར་སིམ་ཞིག་གིས་མགྲོན་བསུ་བྱེད་པའང་ཚོར་ཡོང་གི

རོང་བོ་དགོན་ཆེན

ངས་ལོ་རྒྱུས་ཅི་ཞིག་གི་སྒེའུ་ཁུང་སྟོར་མ་ཐུབ་ཀྱང་

ངས་སྒྱུ་འཕྲུལ་ཅི་ཞིག་གི་གསང་བ་རྟོགས་མ་ཐུབ་རུང

ངས་གུས་ཕྱག་གསུམ་གྱི་ལེགས་སྐྱེས་དེ་ཕུལ་ནས

ང་ཡང་བསྐྱར་འདི་རུ་ཡོང་ཐུབ་པའི་སྨོན་ལམ་ཞིག་བཏབ

ངའི་དུས་ཚོད་ངོ་མ་ཐུང་དྲགས་པས

རེབ་གོང་ངས་ཤ་དྲོད་ཀྱིས་བརླན་ལོང་མེད་པར

སེམས་པ་ཡིས་ཉན་ལོང་མེད་པར

རྨི་ལམ་གྱི་ཞིང་ཁམས་དེ་དཀྲོགས་ནས

ཕྱིར་ཐོན་ལ་བྲེལ་དགོས་བྱུང་

ཆེས་ཐོག་མའམ་ཡང་ན་ཆེས་མཐའ་མཇུག་གི

རེབ་གོང་གི་ཞོགས་པ་དེ

ཁ་ཆར་གྱིས་གཙང་མར་བཀྲུས་ཟིན་པས

ངས་དྭངས་གཙང་དེ་གཅིག་པུ་ཨམ་ཕྲག་ཏུ་བཅུག་ནས

རེབ་གོང་ལ་ཕྱི་མིག་བཞག་པ་ཡིན

ང་ཕྱིར་ཡོང་དུས

རེབ་གོང་ད་དུང་ཁ་ཆར་ཁྲོད་ན་མཛེས་སྡུག་གིས་གཉིད་འདུག

ང་ཕྱིར་ཡོང་དུས

རེབ་གོང་ད་དུང་ལྷིང་འཇགས་ངང་གཉིད་འདུག

༢༠༡༡ ༤ ༨ དགོང་མོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག