མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

བོད་ ངས་ཁྱོད་ལ་བྲིས་པ།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-10 10:49

ན་ཟུག་གི་ཨམ་ཙིག་དམ་པོར་བསྡམས་ཏེ

ཁྱོད་ཀྱི་ལོ་རྒྱུས་ཀྱི་མགུལ་བར་འཁྱུད་ཐེངས་རེར

ངའི་ཤ་ཁྲག་རུས་གསུམ་གྱི་དྭངས་མའི་དྭངས་མ

ཁྱོད་ཀྱི་པང་ནས་བཞུར་བའི་གངས་ཆུ་བཞིན

སྔ་མོ་ནས་སུ་ཞིག་གིས་སྐོམ་སེལ་ལ་བཏུངས་ཟིན

དུས་ཚོད་ཀྱི་མནར་གཅོད་ཁྲོད་ན

ངས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་འདྲ་བའི་མིག་ཆུ་དེ་ཕར་ལ་ཕྱེ་དུས་

ད་གཟོད་གསེར་རྡོག་འདྲ་བའི་བོད་འདི

སྔར་བཞིན་འོད་ལམ་ལམ་གྱིས་འགྱིང་ཡོད་པ་མཐོང་བྱུང་

མི་ཚེ་སྣག་སྨྱུག་གི་ཁ་ལ་ཟད་མྱོང་བའི་རྣམ་ཤེས་འཁྱམས་པོ་དག་གིས

ཧི་མ་ལ་ཡའི་ཉེ་འདབས་ནས

ཁྱོད་ཉིད་དམར་རྗེན་དུ་ཕུད་མྱོང་ལ

ཁྱོད་ཉིད་གསང་བ་བཞིན་སྦས་ཀྱང་མྱོང་

རེ་བ་ཨམ་ཕྲག་གང་བཅུག་པའི་བོད་པ་ཚོས

ཁྱོད་གདོད་མ་ནས་སྙན་ངག་ཏུ་ཕབ་ཟིན་ཞིང་

གདོད་མ་ནས་གླུ་ངག་ཏུ་གྱེར་ཟིན་སྟབས

ངས་ཡང་བསྐྱར་དེ་རིང་ཁྱོད་ཉིད་སེམས་པ་བཞིན་བྲིས་ན

སུ་ཞིག་གིས་འདི་ནི་གསང་བ་རེད་ཟེར་མི་སྲིད

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག