མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

ཤ་ཡུ་མོ ཁྱོད་ཀྱི་སྡང་ས་མིན།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-06 11:17

ཤ་ཡུ་མོ  ཁྱོད་ཀྱི་སྡང་ས་མིན།

 

ཁྱོད་ཀྱི་མིག་ཟུང་ལས་འཕྲོ་བའི

གསང་བ་མ་ཡིན་པའི་གསང་བའི་འོད་ཐིགས་དེས

ཁྱོད་འཇིག་རྟེན་གཞན་ཞིག་ནས་འོང་མེད་པ་ཤེས་ལ

སླར་ཡང་འཇིག་རྟེན་གཞན་ཞིག་ཏུ་འགྲོ་མི་སྲིད་པའང་ཤེས་འོང

 

ཁྱོད་ཨ་མའི་ཁུ་ཁྲག་འཛར་འཛར་ཁྲོད་ནས

དེ་ལྟར་ལངས་སོང་བ་སུས་ཀྱང་ཤེས་ཡོད་པས

ཁྱོད་ཀྱིས་སྤོབས་པ་གནམ་ལྟར་མཐོ་མི་དགོས

ཁྱོད་ཀྱིས་ཀི་སྒྲ་འབྲུག་བཞིན་སྒྲོག་མི་དགོས

ཁྱོད་རང་སུ་ཡིན་པ་ཁྱོད་ཀྱིས་ཤེས་སྲིད

 

ཁྱོད་རང་ཁྱོད་ཀྱི་འགལ་འདུའི་བར་འཚོ་བཞིན་ཡོད་པས

ཁྱོད་ཀྱི་སྡང་མིག་གཞན་ལ་འཕེན་མི་དགོས

ཁ་བ་སྙོམ་པོ་ཞིག་བབས་དུས

ཁྱོད་ཀྱིས་ཤ་བ་ཡུ་མོ་དྲན་སྲིད

ཆར་བ་ཤག་ཤག་ཅིག་བབས་དུས

ཁྱོད་ཀྱིས་ཤ་བ་ཡུ་མོ་དྲན་སྲིད

སྙན་ངག་སིམ་སིམ་ཞིག་ཀློག་དུས

ཁྱོད་ཀྱིས་ཤ་བ་ཡུ་མོ་དྲན་སྲིད

 

ཤ་བ་ཡུ་མོ

ནམ་ཡང་ཁྱོད་ཀྱི་རྣམ་ཤེས་ནང་འཚོ་ཡོད

ཤ་བ་ཡུ་མོ

ནམ་ཡང་ཁྱོད་ཀྱི་ཚེ་སྲོག་ནང་འཚོ་ཡོད

 

ཁྱོད་ཤ་བ་ཡུ་མོར་སྡང་མི་དགོས

སྐྱེ་རབས་ག་ཤེད་ཅིག་ཏུ

ཁྱོད་ཀྱང་ཤ་བ་ཡུ་མོ་དེ་ཡིན

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག