མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཁྲི་སེམས་དཔའ།

ཞོགས་པར་ཆར་བ་ཟམ་ཟིམ་འབབ།

རྩོམ་པ་པོ། ཁྲི་སེམས་དཔའ།    2013-05-02 11:38

ང་རང་སྒེའུ་ཁུང་གི་ཁ་གཏད་དུ་བསྡད་ནས།

ཆར་བ་ཟམ་ཟིམ་འབབ་པའི་ཉམས་སྣང་ལ་གཡེང་།

ཆར་བ་ཟམ་ཟིམ། ཟམ་ཟིམ་ངང་ཞོགས་པ་འདིའི་མཁའ་དབྱིངས་ནས་བབས་ཏེ།

དུས་ཚིགས་འདིའི་ངོ་གདོང་སྦངས། ཁ་སྤུ་བཞིན་ཐར་ཐོར་དུ་འཛིངས་པའི།

སྟོན་མཇུག་གི་སེར་ཤ་ཆགས་པའི་རྩ་རྩི་ཐར་ཐོར་ནི་བདག་གི་སེམས་པ་ནང་བཞིན།

ཞོགས་པ་འདིའི་ཆར་ཟིམ་ཁྲོད་འདར་སིག་སིག འདར་སིག་སིག

སྨུག་ལོང་ཁྲོད་ཀྱི་རི་གྲོང་སྟེ། བདག་གི་ཕ་ཡུལ་ཆར་ཟིམ་ཁྲོད་དུ་བྱིངས།

ཡུལ་མི་ཚོའི་འདོད་བློ་དང་འཁང་ར་སྨུག་ལོང་གིས་བཏུམ་པའི་རི་ཚོགས་ཀྱིས་བསྐོར།

ཡབ་མེས་ཀྱི་མཐའ་མཇུག་གི་ཕྱི་མིག་སྡུད་ས། དུར་ཁྲོད་ཀྱི་ས་སྤུངས་གསེང་དུ།

ཆར་གྱིས་དོད་པའི་རྐ་ཤུར་ཕྲ་མོ་ནི་ཁོང་ཚོའི་མི་ཚེ་བཞིན་ཀྱག་ཀྱོག་ངང་ག་སར་འཐེན།

ཆར་བ་ཟམ་ཟིམ་འབབ་པའི་ཞོགས་པ་གྲངས་མེད་ལ།

འདི་ལྟ་བུའི་རྣམ་པ་ཞིག་རྒྱུན་དུ་བདག་གི་མིག་ལ་ཐོགས་འོངས།

ཆར་བ་ཟམ་ཟིམ་འབབ་པའི་ཞོགས་པར། བདག་གི་གཤོག་ཐོགས་དྲན་པ་འདི།

སྨུག་ལོང་བརྟོལ་ནས་རི་ཚོགས་ཀྱི་ཕ་རོལ་ཏུ་ཤོར།

རབ་རིབ་འཁྲུལ་སྣང་དང་བསྡོངས་ནས།

སྐྱེས་ཆེན་ཚོ་ཆར་ཟིམ་གྱི་སྟངས་སྟབས་ལ་ཞུགས་ཤིང་།

བདག་གི་སེམས་ཁོང་དུ་ཆར་བ་བཞིན་སིབ་སིབ་ཏུ་བབས་བྱུང་།

ཟམ་ཟིམ་འབབ་པའི་ཆར་བས་བདག་གི་སྒེའུ་ཁུང་བརྡུངས།

བདག་གི་དྲན་པའི་སྒོ་གླེགས་ཕྱེས།

རླུང་བུ་བསིལ་བསིལ། བསིལ་བསིལ་ལྡང་།

ཆར་བ་ཟམ་ཟིམ། ཟམ་ཟིམ་འབབ།

ཚོར་བ་ཞིག་ལ་ང་རང་ཁ་ཧྥུ་ཁའི་སྒྲུང་གཏམ་ཁྲོད་ཀྱི་སྦུར་པ་དེ་དང་འདྲ་བར།

རྟོག་བཟོའི་ཞིང་ཁམས་སུ་འགྲེ་ལོག་ཡང་ཡང་རྒྱག

ཡང་ན། པུའུ་ལ་ཀོའི་ཞོགས་པའི་དྭངས་གཙང་ཁྲོད་འབྱར་ནས།

ཡང་ན། མཐའ་མི་མངོན་ཞིང་གཏིང་མི་དཔོག་པའི་མཁར་རྫོང་ལ་ཅེར་ནས།

མིའི་རིགས་ཀྱི་གསང་བའི་སྒོ་མོ་མཐའ་དག་གི་ལྕགས་ཟྭ་ཕྱེས།

ཞོགས་པ་འདིར། ངའི་ཏོལ་སི་ཐོ་ཡེ་ཧྥུ་སི་ཁེ་ཟེར་བའི་སྒྲུང་གཏམ་པ་ཞིག་དྲན་

ནས་སེམས་པ་ཡང་ཡང་འགུལ།

ཞོགས་པ་འདིར། ངས་ཅ་མུག་ཟེར་བའི་ཧྥ་རན་སིའི་རྩོམ་པ་པོ་ཞིག་ཀྱང་དྲན།

ངས་ད་དུང་མོ་སི་ཁོའི་གྲོང་མཐའི་མཚན་མོ་དང་མཚན་མོའི་མཁའ་ངོགས་ཀྱི་

ཟླ་འོད་རབ་རིབ་དེ་དྲན།

ངས་ད་དུང་སྨུག་ལོང་ཁྲོད་ཀྱི་ཕ་རི་སིའི་ཨའེ་ཧྥོར་ལྕགས་མདོང་དང་དེའི་འོག་གི་འཆར་

ཡན་གྱི་གཏམ་རྒྱུད་སྣ་ཚོགས་ཀྱང་ཐོལ་གྱིས་དྲན།

འོ། ངས་ད་དུང་གངས་རིའི་ཁོང་གསེང་དུ་སྙིང་དམར་པོ་ཞིག་གི་འཕར་ལྡིང་བསྐྱུར་

པའི་ཨ་མདོའི་སྤྲང་གོག་དགེ་ཆོས་དྲན།

ངས་ད་དུང་རྦབ་ཆུའི་ཟིལ་ཤུགས་ཀློང་དུ་ཚེ་སྲོག་གི་མཆོད་མེ་གཟིམས་པའི་

དགུ་རོང་རང་གྲོལ་དྲན།

ངས་ད་དུང་ཆར་སྡོད་བྱིའུར་འབོད་པའི་གྲོགས་པོ་འདང་ཅན་ཞིག་དང་།

ཁོའི་དཀའ་ཚེགས་ཀྱི་འགྲུལ་བཞུད་དྲན།

ཆར་བ་ད་དུང་ཟམ་ཟིམ་ངང་འབབ། སེར་སྣ་དང་འགྱོད་སྣང་མེད་པར་འབབ།

ཆར་བ་ཟམ་ཟིམ་འབབ་པའི་ཞོགས་པ། ཟིལ་བ་ཁུར་བའི་རྩྭ་ལོའི་མགོ་ལྕོག་ཁྲོད་

ལྡེམ་སེ་ལྡེམ་ཞིང་།

ཆར་ཐིགས་རེ་རེ་ཡིག་རྡོག་རེ་རེར་སྤྲུལ་ཏེ་འོད་འཚེར་བའི་སྙན་ངག་རེ་རེར་གྱུར།

ཆར་བ་ཟམ་ཟིམ་འབབ་པའི་ཞོགས་པ་འདིར།

ངས་ཅི་ཡང་དྲན་ཏེ། དྲན་དྲན་པས་མཐའ་མར།

རང་ཉིད་མཛེར་མ་བཞིན་དུས་རབས་ཀྱི་རྩིགས་ལྡེབས་སུ་བརྡབས་ནས།

ཁ་སང་ལ་བདེ་མོ་བཞག སང་ཉིན་ལ་ལག་གདང་སྦྲེལ།

ཆར་བ་ཟམ་ཟིམ་འབབ་པའི་ཞོགས་པ་འདིར།

རྒྱུ་མཚན་ཡོད་མེད་གཉིས་ཀྱི་མཚམས་ནས།

ང་རང་དགའ་ཡང་དགའ་ལ།

སྐྱོ་ཡང་སྐྱོའོ།།

2011/9/3

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག