མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཁྲི་སེམས་དཔའ།

གྲོགས་པོའི་མིང་ལ་རེ་རྐང་གླིང་ཟེར།

རྩོམ་པ་པོ། ཁྲི་སེམས་དཔའ།    2013-04-28 09:30

    རེབ་ཀོང་གི་རྣལ་འབྱོར་པ་དེ་ཚོ།

    རེབ་ཀོང་གི་སྔགས་རྒན་དེ་ཚོ།

    རེབ་ཀོང་གི་རྟོག་གེ་པ་དེ་ཚོ།

    རེབ་ཀོང་གི་རེ་རྐང་གླིང་ལ་འབྲེལ་བ་ཡོད་མེད་ངས་མི་ཤེས།

    རེབ་ཀོང་དྲན་མ་ཐག

    རོང་བོ་དགོན་པའི་འདབས་ཀའི་ལྷ་སའི་དྲི་མ་དྲོ་བའི་སྲང་ལམ་དེ་དྲན་ཡོང་།

    ད་དུང་རེ་རྐང་གླིང་དང་ཁོའི་མཐོང་མ་མྱོང་བའི་ཆུང་མ་དྲན་ཡོང་།

    རེབ་ཀོང་གླེང་དུས།

    ང་རྒྱལ་གྱི་ངོ་གདོང་ཞིག་མིག་ལ་བཙངས་འོངས་པ་ནི་རེ་རྐང་གླིང་རེད།

    ཁོ་ནི་ཆའོ་དབྱི་སི་དང་ཕུ་རོ་སི་ཐུ་གླེང་མཁན་གྱི་སྒྲུང་གཏམ་པ་དེ་རེད།

    ཁོ་ནི་བྷོ་རྡི་ལེར་དང་ལན་བྷོ་གླེང་མཁན་གྱི་སྙན་ངག་པ་དེ་རེད།

    ཁོ་ནི་ང་དང་ལོ་དང་ཟླ་དང་ཉིན་གཅིག་ལ་སྐྱེས་པའི་རེ་རྐང་གླིང་རེད།

    ཁོ་ནི་ང་དང་མི་གཤིས་དང་རྩོམ་གཤིས་ཡེ་ནས་མི་འདྲ་བའི་རེ་རྐང་གླིང་རེད།

    རེབ་ཀོང་གི་ས་རྡུལ་གྱིས་མ་བསྣོགས་པའི་རེ་རྐང་གླིང་གི་བཞིན་དུ།

    ཏུའུ་གྲངས་མེད་པའི་མིག་ཤེལ་ཞིག་བསྣར་འདུག

    མིག་ཤེལ་འོག་གི་འོད་ཀྲིག་ཀྲིག་གི་མིག་ཟུང་དེ།

    རྨ་ལྷོ་ཚགས་པར་སྟེང་གི་ཡིག་ནོར་འཚོལ་སྤྱད་རེད།

    དག་ཆ་མེད་པའི་རྩོམ་ཡིག་དེ་དག

    རེ་རྐང་གླིང་གི་ཚོན་མདོག་གི་སྨྱུ་གུ་འོག་ནས་འདར་སིག་སིག

    ཨ་རིའི་དམག་ལྭ་རྫུན་མ་གྱོན་པའི་རེ་རྐང་གླིང་གིས།

    ཁོམ་ན་ང་རང་རེབ་ཀོང་ལ་ཤོག་ཟེར།

    རེབ་ཀོང་ནི་ཐག་རིང་ཞིག་མིན་ནའང་།

    རེབ་ཀོང་ནི་འགྲོ་འདོད་དུས་བརྒྱུགས་ནས་སླེབ་པ་ཞིག་ཀྱང་མ་རེད།

    ངས་ང་དང་རེ་རྐང་གླིང་གི་བར་ཐག་བསྟུང་ཆེད།

    ངས་རེ་རྐང་གླིང་གི་ཧ་མི་གོ་བའི་སྙན་ངག་དེ་དག་ལ་ཅེར་ནས།

    ཐ་མག་མང་པོ་ཞིག་མེ་ལ་བསྒྲོན་མྱོང་།

    ད་དུང་སྒྲུང་གཏམ་དེ་དག་གི་ཕྱིར་དུ།

    ཨ་རག་གི་མངར་ཁ་འཇིབས་ནས།

    རང་ཉིད་སྡུག་ལ་གཏད་མྱོང་།

    རེ་རྐང་གླིང་ནི་དྲི་བ་ཞིག་རེད།

    དྲི་བ་དེ་དག་གི་སྣེ་མོར་འབྱར་བའི་དྲི་བ་གཞན་དག་རེད།

    ཕ་གསར་རྫིག་པོ་དེའི་ཁ་ལ།

    ལན་གྲུ་རྟགས་ཅན་གྱི་ཐ་མག་རྐང་གཅིག་ཀྱང་དྲི་རྟགས་བཞིན་དཔྱངས་འདུག

    རེ་རྐང་གླིང་ནི་ཚོར་བ་ཞིག་རེད།

    ཚོར་བ་འཇམ་པོ་དང་ཚོར་བ་རྩུབ་པོ་དེ་དག

    ངའི་སྙིང་མགོར་ཚེར་མ་བཞིན་ཟུག་ཅིང་མར་ཁུ་བཞིན་འཁྱིལ་ནས།

    ལོ་ཟླ་གང་མང་ཞིག་གི་མཚན་ཀློང་དུ་སྲན་མ་བཞིན་གྲིལ་སོང་།

    རེབ་ཀོང་གི་གྲོགས་པོ་མ་རབས་དེས།

    བོ—ཞེ་ཐག་གིས་ཟེར་བཞིན།

    རེབ་ཀོང་གི་སྲང་ལམ་ཞིག་ནས།

    གྲོགས་པོ་ཆ་མེད་ཅིག་ལ་སྒྱུ་འཕྲུལ་དངོས་རིང་ལུགས་སམ།

    ཡང་ན་དེང་རབས་ཕྱི་མའི་རིང་ལུགས་སྐོར་གྱི་སྒྲུང་གཏམ་ཞིག་གླེང་གིན།

    ང་ལ་ཁྲི་སེམས་དཔའ་ཟེར་བའི་གྲོགས་པོ་ཞིག་ཡོད་ཅེས་ངོམ་བཞིན་ཡོད་ཀྱང་སྲིད།

    ཡང་ན་ཁྲི་སེམས་དཔའི་སྒྲུང་གཏམ་དེ་དག་ཅིག་ཅིག་ཅིག

    ཁྲི་སེམས་དཔའི་སྙན་ངག་དེ་དག་ཉིག་ཉིག་ཉིག་ཟེར་བཞིན།

    ང་ལ་ངན་གཏམ་བཞིན་ཡོད་ཀྱང་སྲིད།

    གང་ལྟར་ང་ལ་རེབ་ཀོང་ན་གྲོགས་པོ་ཞིག་ཡོད།

    གྲོགས་པོའི་མིང་ལ་རེ་རྐང་གླིང་ཟེར། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག