མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

མི་དོགས་པ་ཅན་ཚོ།

རྩོམ་པ་པོ། ཞི་བདེ་ཉི་མ།    2013-04-24 09:51

 

    ཁོ་ཚོ་ནི་རྐམ་ཅིང་རིད་པའི་མི་ཞིག
    གཅོམ་ཆུང་གིས་འགྲོ
    ཁུ་སིམ་མེར་འགྲོ
    ཁོར་ཡུག་ལ་ཞིབ་ལྟ་མེད་པར་འགྲོ
    མི་རྣམས་ལ་དོགས་ཟོན་མེད་པར་འགྲོ    

    ཁོ་ཚོ་ནི་སྨྲ་བ་མེད་པའི་ཁྱི་ཞིག་དང་འདྲ་བར།
    རི་བོ་འདི་དང་། ཐང་ཆེན་འདི།
    ད་དུང་གྲོང་སྡེ་དང་གྲོང་གསེབ་ཀྱི་གྲུ་ཕུག་དག་དུ།
    ཉི་ཤར་དང་ཉི་ནུབ་མཇལ་བཞིན་འགྲོ    

    ཁོ་ཚོ་ནི་དོགས་པ་ཟ་མཁས་པ་ཞིག་རེད།
    ཐོག་མར་རང་ཉིད་ལ་དོགས་པ་མེད་པར།
    གཞན་ལ་དོགས་པ་ཟ་ཞིང་།
    སྐད་ཆ་ལ་དོགས་པ་ཟ་བ།
    འབྱོར་ཕྱུག་ལ་དོགས་པ་ཟ་བ།
    གྲོགས་པོ་དག་ལ་དོགས་པ་ཟ་བ།
    མཇུག་མཐར། ཁོ་ཚོ་ནི་དོགས་པ་ཟ་མཁན་ཡིན་པ།
    ཁོ་ཚོ་སུས་ཀྱང་རྟོགས་མ་ནུས།    

    དོགས་པ་ཟ་མཁན་དེ་དག
    རང་ཉིད་ཀྱི་ལག་མཐིལ་ལ་ ཅེར་དེ།
    འཇིག་རྟེན་འདི་ཇི་འདྲའི་དགོད་བྲོ་བ་ལ།
    རང་ཉིད་ནི་ཇི་འདྲའི་སྙིང་ཉེ་བ་ལ།
    མི་ཚེ་ནི་ཇི་འདྲའི་གླེན་པ་ལ།
    གྲིབ་མ་དེ་ཇི་འདྲའི་མཛེས་པ་ལ་སྙམ།    

    ཁོ་ཚོ་ནི་དོགས་པ་ཅན་ཏག་ཏག་རེད།
    རྡོ་བ་མང་པོ་ཁོག་ལ་བླུགས་ནས།
    མི་རྣམས་ལ་ཁག་དཀྲི་དང་འཁང་གཏམ་གླེང་བཞིན།
    ཕྲག་དོག་དང་རྣབ་སེམས་འཛིན་བཞིན།
    ཁོར་ཡུག་འདི་དང་། ཕ་ཡུལ་འདིར།
    ནད་ཡམས་ལྟར་འཁོར་ཞིང་འཛུལ།    

    དོགས་པ་ཟ་མཁན་དག
    སྙིང་ཉེ་མེད་མཁན་དག
    གླུ་ཆུང་དར་དིར་ལེན་པའི་མི་ལའང་།
    ལྡེ་མིག་དེ་སྤྲོད་དང་།
    དེ་ཡིས་ཁྱོད་ཚོའི་དོགས་པ་རེ་ཞིག་ཞུ་ཐུབ་པ་གདོན་མི་ཟ།    

    དོགས་པ་ཁོ་ནས་འཇིག་རྟེན་གྱི་ཕ་མཐའ་ག་ལ་ཆོད།
    2005.5.28ཉིན་བྲིས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག