མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

ཁྱོད་མལ་ལས་ལངས་ཟིན།

རྩོམ་པ་པོ། ཞི་བདེ་ཉི་མ།    2013-04-24 09:45

    གྲང་ངར་ཆེ་དུས།
    ཁྱོད་མལ་ལས་ལངས་ཟིན།
    འདི་ནི་ཧ་ཅང་ཁག་པོ་རེད།  
    དངོས་ནས་ཁག་པོ་རེད།
    ནམ་མཁའ་ཅི་ལྟར་ཟབ་ལ། 
    རྩྭ་ཐང་ཇི་ལྟར་འཇོ་སྒེག་ལྡན་ཀྱང་།
    མཚན་མོ་ཧྲིལ་བོ་ཞིག་གི་རིན་ཐང་ནི་རྨི་ལམ་ཁོ་ན་ག་ལ་ཡིན།
    ནམ་མཁའི་དབྱིངས་སུ།  
    བྱ་ཁྱུ་དག་འཛེམ་བག་མེད་པར་འཕུར།
    དགུན་ལྗོངས་འདིའི་ཁ་ཕྱོགས།  
    ལྷོ་ཡིན་པའི་བརྡར་ཤ་སུ་ཡིས་ཆོད།
    ཁྱོད་མལ་ལས་ལངས་དུས།   
    ཐོག་མར་མགོ་བོ་བཏེགས་ཏེ་མཁའ་ལ་ལྟོས།
    གནམ་གཤིས་ཀྱི་འགྱུར་ལྡོག་ནི་ཁྱོད་ལ་གལ་འགངས་ཤིན་ཏུ་ཆེ།
    གང་ལྟར་རླུང་ལྡང་དུས་ཁྱོད་མལ་ལས་ལངས་དགོས
    ད་དུང་།   ལུག་ཁྱུ་དག་གི་འགྲོ་སྟངས་ལ་ལབ་གླེང་ཁ་ཤས་བྱེད་དགོས    

    གཉིད་ཉལ་རྒྱུ་ནི་ངའི་ཁྱིམ་གཞིས་འདིའི་གོ་རིམ་འབའ་ཞིག་ཡིན།
    གཉིད་ཉལ་བའི་ངང་ཚུལ་ནི་ཇི་འདྲའི་རྔམ་བརྗིད་ལྡན་པ།
    སྐུ་མགྲོན་སུས་ཀྱང་ཕྱོགས་བཞི་མཚམས་བརྒྱད་ནས་གླེང་བཞིན་ཡོད།
    མཚན་མོར་མེ་འབུད་མཁན་ཚོས། 
    གཙང་བོའི་རླབས་སྒྲར་ཇན་ཞིང་།
    རྒྱུ་སྐར་ཁྲོད ། 
    སུ་ཞིག་གི་གྲང་འདར་རྒྱག་པར་བལྟ་བར་བྱེད།    

    མལ་ལས་ལངས་དུས།
    ཁྱོད་ཀྱི་སྔས་འགྲམ་དུ།
    ཁུ་སུམ་མེར་མེ་ལྕེ་མཆེད་བཞིིན་ཡོད།
    དེ་ནི་བདེན་ལུགས་ཤིག་ཡིན་པ་སུས་ཀྱང་ཁ་མཚོན་གཅོད་དཀའ།
    དེ་དུས་ཁྱོད་ཀྱིས་འཛེམ་དོག་ཅི་ཡང་མེད་པར་ལུད་པ་རྒྱག་དགོས་ལ།
    རི་ཉུལ་བའི་བཟོ་ལྟ་ལ་སྣང་བརྙན་ཅི་ཡང་སྐྲུན་མི་དགོས།    

    ལྡེ་མིག་རྙེད་རྗེས་ང་ཡང་ཕ་ཡུལ་དུ་ལོག་སོང་།
    དེ་དུས་བྱིས་པ་ཚོས་ཡིད་ཚིམ་པས་མེ་ཕུང་སྒྲོན་ངེས།
    ཡིད་ཚིམ་པ་ཐམས་ཅད་མངའ་ཐང་ག་ལ་ཡིན།    

    མལ་ལས་ལངས་དུས། 
    ཐོ་རེངས་ཡིན་ཀྱང་སྲིད།
    དུས་ཚོད་ནི་རི་བོ་འདིའི་གོ་རིམ་ཡོད་ཚད་རེད།
    འདིའི་ནང ་།   རྒོད་པོ།   རྡོ་མཁར།    ཀོ་གྲུ་ལ་སོགས་ཡོད།
    དུས་ཚོད་ནང་མི་དག་དགའ་སྟོན་གྱིས་འཚོ་ཡང་།
    དེ་ལ་མེ་ཏོག་བཞད་པའི་རྟགས་མཚན་ཅི་ཡང་མེད།
    བུད་མེད་ཚོའི་འཕྱོར་སྒེག་གིས་ང་ཚོར་ཅི་ཡང་གསལ་བཤད་བྱེད་མི་ཐུབ།
    ཁྲུང་ཁྲུང་ཁ་ཤས་འཕུར་རྗེས། 
    གནམ་གཤིས་འགྱུར་བ་ག་ལ་ཡིན།    

    ཁྱོད་མལ་ལས་ལངས་ཟིན་པའི་ངང་ཙམ་གྱིས།
    མཚོ་མོ་མེད་ས་རུ་འགྲུལ་བཞུད་པ་མང་བོ་མེད།
    མགོ་བཏེགས་དེ་ནམ་མཁའ་ལ་གཟིགས་དང་།
    དེ་ནི་ཁྱོད་ལ་གལ་འགངས་ཧ་ཅང་ཆེ།         

   1998.11པའི་ནང་གནའ་མཁར་ཟི་ལིང་དུ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག