ནམ་མ་གསལ་གོང་ལ།
སུ་ཞིག་གིས་གཞས་བཏང་སོང་།
གཞས་གདངས་དེ་ཁང་བའི་རྒེའུ་ཁུང་བརྒྱུད་ནས།
ངའི་རྨི་ལམ་དུ་བབས་བྱུང་།
ངས་ད་དུང་ཕ་ཡུལ་དུ་རྨི་ལམ་རྨིས་བཞིན་པ་སུས་རྟོགས།
གཞས་གདངས་དེ་ངའི་ཡབ་མེས་ཀྱི་བང་སོ་ནས་འཕུར་སྟེ།
རི་རབ་དང་ནགས་ཚལ་གྱི་དཀྱིལ་དབུས་ནས།
རླུང་དྲིལ་བཞིན་ངའི་བྲང་ཁོངས་ལ་བབས་སོང།
ང་བེམ་པོ་བཞིན་འགྲེ་ལོག་མེད་པ་མིན།
ང་རྡོ་བ་བཞིན་དབུགས་རྒྱུ་མེད་པ་མིན།
ནམ་མ་གསལ་གོང་ང་མལ་ལས་ལངས་པའི་སྟ་གོན་མེད།
ནམ་མ་གསལ་གོང་།
གཙང་མོའི་ངོགས་ནས་གཞས་ཅིག་བཏང་སོང་།
གཞས་ཚིག་དེ་ལྷ་མོ་ཞིག་བཏང་བའི།
བདེན་པའི་མགུར་དབྱངས་ཡིན་ནམ།
གཞས་ཚིག་དེ་ཞོགས་པའི་རླུང་བུ་དང་སྡེབས་ནས།
ངའི་མིག་ཆུས་བརླན་པའི་ཞོགས་པ་ལ་སླེབས་ཡོང་།
ཨ་མ་ལགས། ནམ་མ་གསལ་གོང་གི་གཞིས་ཁྱིམ་འདི།
ངའི་མིག་ཆུའི་ཁྲོད་ཀྱི་ཆེས་མཐའ་མཇུག་གི་གྲོང་ཚོ་ག་ལ་ཡིན།
མདང་དགུང་གི་མིག་ཆུས་ངའི་སྔས་མགོ་བརླན་པར་མཛད་པ།
ཞོགས་པའི་མཛེས་སྡུག་གི་སྟ་གོན་རེད།
1992.1.9ཉིན་ཟི་ལིང་།