མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

རྒྱན་ཆ་སྣ་ཚོགས་ཐོག་པའི་གཉེན་ཉེ།

    2013-04-24 09:35

    རྒྱན་གོས་སྣ་ཚོགས་གྱོན་པ་དག
    ངའི་གཉེན་ཉེ་རེད།
    ངའི་གཉེན་ཉེ་ཚོས།
    ཉི་ཤར་དང་ཉི་ནུབ་ཀྱི་བར་དུ།
    སྤྲོ་སྐྱིད་ཀྱི་རྒྱན་གོས་སྣ་ཚོགས་གྱོན་ཞིང་།
    ཁོ་ཚོ་ནི་སྡེབས་རིས་ལྟར་སྙིང་དུ་སྡུག
    རི་དང་ནགས་ཚལ་ལ་སུན་སྣང་མེད་པའི་གླུ་རེད་ལེན།    

    ངའི་གཉེན་ཉེ་ཚོ་དངོས་ནས་སྙིང་ཉེ་བ་ཞིག་རེད།
    ཁོ་ཚོ་རི་དྭགས་ཁྱིམ་མཚེ་བྱེད་ཅིང་།
    རི་དྭགས་དག་ལ་སྙིང་ཉེ་བའི་མཚན་མིང་སྣ་ཚོགས་འདོག
    རི་དྭགས་ཀྱི་པགས་པ་སྣ་ཚོགས།
    ཁོ་ཚོའི་མཛེས་སྡུག་འབའ་ཞིག་རེད།

    རི་བོ་འདིའི་པང་དུ།
    ངའི་གཉེན་ཉེ་ཚོས་ཕན་ཚུན་ལ་རྡོ་བ་འཕེན་ཞིང་།
    མེ་ཕུང་འགའ་རེ་སྒྲོན་རྗེས།
    མདའ་གྲི་དང་ངལ་དུབ་དོར་ནས།
    མེ་འོད་ཁྲོད་འཛུམ་མདངས་སྟོན་བཞིན།
    ཡིད་ཚིམ་པའི་ཀུ་ཅོ་རེ་འདོན།
    ཀུ་ཅོ་དེ་ནི་ཇི་འདྲའི་སྙིང་ཉེ་བ་ཞིག་རེད།

     རྡོ་བརྡར་བའི་གོ་རིམ་དེ་དག
    གཉེན་ཉེ་ཚོའི་མཁས་མཛངས་རེད།
    མེ་ཕུང་སྒྲོན་པའི་གོ་རིམ་དེའང་།
    གཉེན་ཉེ་ཚོའི་བློ་བཀོད་རེད།
    རྡོ་ཆས་ཀྱི་རྒྱན་ཆ་སྤྲས་པའང་།
    གཉེན་ཉེ་ཚོའི་མཛེས་སྡུག་དང་ལང་ཚོ་རེད།

    གཉེན་ཉེ་ཚོ་ནགས་ཚལ་དང་ཐག་ཧ་ཅང་ཉེ།
    ནགས་ཚལ་ཁྲོད་ཀུ་ཅོ་འདོན་མཁན་དག
    ཁོ་ཚོའི་ཕུགས་བསམ་དང་འཚོ་སྟངས་རེད།    

    མདའ་གཞུ་ཡོད་ན་རྒྱན་གོས་ཡོད་ལ།
    ཡིད་ཚིམ་བཟོ་ལྟ་སྣ་ཚོགས་ཀྱང་ཡོད།

     གཉེན་ཉེ་ཚོར་ཕུགས་བསམ་མེད་པ་ག་ལ་ཡིན།
    ཕོ་བ་འགྲང་རྗེས་རྟ་མཆོག་ཞོན་ནས་རང་རང་གི་གྲིབ་མར་ལྟ།
    ལྕགས་རིགས་སྣ་ཚོགས་ལུས་ལ་བཏགས་ཏེ།
    རང་གི་གཟུགས་ཞལ་ནི་དབྱར་ཟླ་དྲུག་པ་བཞིན་ཡངས།

     གཉེན་ཉེ་ཚོ་ནི་གནམ་འོག་འདིར།
    ནག་ཉེ་མེད་པའི་མགྲོན་པོ་ཁྱུ་ཞིག་རེད།
    ལམ་མེད་པ་ནི་ནག་ཉེ་ག་ལ་ཡིན།
    གཉེན་ཉེ་ཚོའི་བཞུད་ལམ་དེ།
    མཁའ་དབྱིངས་ལྟར་ཡངས།
    རྒྱན་གོས་སྣ་ཚོགས་གྱོན་རྗེས།
    རི་སྒང་དུ་དར་ལྕོག་བཞིན་འཕྱོ།

    རྒྱན་གོས་སྣ་ཚོགས་གྱོན་པ་དག
    ངའི་གཉེན་ཉེ་ཚོ་ཡིན།
    ཁ་བ་དཀར་པོ་འབབ་ཐེངས་རེར།
    ཨ་ཅེ་དག་ཡིད་སྐྱོ་བའི་གནས་ལ་འགྲོ་ཞིང་།
    ཕུ་བོ་དག་གིས་དུས་ཚིགས་གྱོན་ནས་ཉི་མ་འཚོ།

    ལྕགས་དང་པགས་པ་དོར་བའི་གོ་རིམ་དེ།
    ནམ་གསལ་བའི་གོ་རིམ་ཞིག་རེད།
    ངས་འདི་ལྟར་ལབ་ཚེ་ང་ལ་ནག་ཉེ་མེད་པར་མཛོད།
    2001.11.12ཉིན་ཟི་ལིང་ནས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག