མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

ནེ་ཙོ་འདི་དག

རྩོམ་པ་པོ། ཞི་བདེ་ཉི་མ།    2013-04-16 16:05

                        
                        
——ཉེ་ལམ་གྱི་སྣང་ཚུལ་ཁ་ཤས་ཤིག་གིས་ང་སུན་པོ་བཟོས་སོང་།

ལོ་འདི་དག་ལ།
ནི་ཙོ་ཁ་ཤས།    
ངའི་རྩྭ་ཐང་ན་ངོ་མཚར་གྱིས་འགྲོ
ཐང་རྒོད་དང་གྲོང་ཚོ་ཡི་བགྲོད་ལམ་སྟེང་མགོ་འཕང་མཐོ་ཞིང་།
ནོར་ནག་ཚོའི་གཞུང་དྲང་གཡར་ཏེ།
ང་ཚོར་ཆེས་ཕྲ་མོའི་གླུ་སྐད་རེ་ངོམས།

ནེ་ཙོ་འདི་དག
འཐོར་གཤིགས་གང་ཞིག་གི་ཉམས་དམེས་འཁུར་ཏེ།
རི་བོ་འདིའི་ཐང་ཆེན་སྣུམ་པོར།    
བག་ཡངས་ཀྱིས་འཚོ།
འབྲུ་གཡག་ཚོའི་འོད་སྟོང་དང་བློ་བཀོད་ཡངས་པོས།
ནི་ཙོ་འདི་དག་མཁས་མཛངས་ཀྱིས་བསྐྱངས།

ནེ་ཙོ་འདི་དག
ནེ་ཙོ་གཞན་ལས་དབུལ་ཞིང་ཕོངས།
རི་བོ་འདིའི་བསམ་བློ་ཉམས་ཐག་གིས་འཐུང་རྗེས།
ཡིད་ཚིམ་པས་ཅ་ཅོ་ཁ་ཤས་འདོན་ལ།
ད་དུང    སྤྱང་གྲུང་ཅན་གྱིས་གཤོག་རྩེད་རེ་བྱེད། 

ནེ་ཙོ་འདི་དག་ལ།
ངོ་མཚར་བའི་ཁ་དོག་ཅི་ཡང་མེད།
ཉི་མ་གཞན་ཞིག་གི་མངའ་ཐང་འོག
སྐུ་མགྲོན་བཞིན་འཚར་ལོངས་བྱུང་བས།
ཁོ་ཚོའི་ས་སྲོད་ནི་ཇི་འདྲའི་སྐྱི་གཡའ་བ་ཞིག་རེད། 

ལོ་འདི་དག་ལ།
ནེ་ཙོ་ཁ་ཤས།  
ངའི་བསམ་བློའི་ནང་སྐད་གསེང་མཐོ།
ཁོ་ཚོའི་ཟུངས་ཁྲག་སྲབ་མོ་ཁ་ཤས།  
འུ་ཐུག་གིས་འཁོལ་བ་བཞིན།
ངའི་རྩྭ་ཐང་ན།    
ནམ་ཡང་བདག་པོ་བཞིན་འཚོ 

 1997  6  15

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག