མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

དགུན་ལྗོངས་འདི་ལ།

རྩོམ་པ་པོ། ཞི་བདེ་ཉི་མ།    2013-04-16 16:05

                               

ནམ་ཟླ་ཞི་འཇགས་ལ་སོང་བའི་གཏམ་རྒྱུད་དེ
སྐུ་མགྲོན་སུ་ཞིག་གིས་ཀྱང་ང་ལ་བརྗོད་མ་མྱོང
ཡུལ་ལྗོངས་སེར་བོར་ཉིན་མཚན་ལྷན་དུ་ལྷུང་བས
ངས་མཁའ་དབུགས་ལ་ཁ་དོག་ཡོད་པ་གཞི་ནས་ཚོར
ང་དུས་ཚིགས་ཤིག་གི་མཇུག་བྱང་ནས་བསྡད་དེ
དགུན་ལྗོངས་ཤིག་གི་གཟི་འོད་དང་ཁ་དོག་ལ་ཕྱིར་དྲན་བྱས་པས
ཁ་བ་དེ་དགུན་ལྗོངས་ཤིག་གི་རམ་འདེགས་དང་ཁ་དོག་ཁོ་ན་ཡིན་པ་ཚོར 

ངས་ཁ་བའི་ཁོང་གསེང་མྱུལ་བཞིན
ཚེ་སྲོག་གི་ཚ་དྲོད་འཁྱམ་པོས
རི་མོ་དཀར་བོའི་ཐིག་རིས་སྙོམས་པོར་ཕམ་བརླག་བྱིན 

དགུན་ལྗོངས་འདིའི་ཁ་བའི་ཁྲོད
ངས་བསམ་གཞིགས་མང་པོའི་ཞབས་རྗེས་འཇོག་བཞིན
དབྱང་ལྗོངས་ཤིག་གི་མཁས་མཛངས་ལ་བསམ་བློ་བཏང
མེ་ཏོག་ཅིག་གི་མཚར་སྡུག་ལ་སྨོན་ལམ་བཏབ
དགུན་ལྗོངས་འདིའི་སྣང་བརྙན་སྐྱ་བོ
ངའི་ཁེར་རྐྱང་གི་དྲན་པ་ཇི་བཞིན
མཛེས་ལྗོངས་མེད་པའི་འཇིག་རྟེན་ཞིག་གི་ཕམ་ཁ་འདྲ་ལ
མྱོས་བུམ་མེད་པའི་རྒན་མོའི་བྲང་ངོས་བཞིན་སྐམ 

ཁ་བ་དཀར་བོས་ངའི་ཞབས་རྗེས་ཧྲིག་ཧྲིག་བལྡད་པ
ངའི་སྙན་ངག་གི་སྒྲ་དབྱངས་དང་རོ་བཅུད་ཇི་བཞིན
ངའི་བྲང་ཁོང་གི་འཕར་ལྡིང་གཉོམ་པོ་དང་ལྷན
བྲོི་བ་མེད་པའི་ཡུལ་ལྗོངས་འདི་ནས་འཕུར་ཞིང་ཁོར་ཡུག་དེ་རུ་ལྷུང 

དགུན་ལྗོངས་ཧྲིལ་བོ་འདིར
ང་ནི་དྭངས་གཙང་གི་བྱིས་བློ་ཞིག་དང་འདྲ
ཡུལ་ལྗོངས་གླུ་རུ་ལེན་པའི་ངག་སྒོ་འབྱེད་མ་ཐུབ་ལ
དུས་ཚིགས་གཉོམ་པོར་གཏོང་པའི་བསམ་བློ་ཞིག་ཀྱང་རྙེད་མ་ཐུབ 

མཁའ་དབྱིངས་སུ་ལྡིང་བའི་བྱ་ཁྱུ་དཀར་པོ
སྨྲེ་ངག་དང་སྨྲ་བརྗོད་མེར་པར
སང་ལོའི་དུས་ཚིགས་ཤིག་ལ་སྔོན་འགྲོ་འབྲི་བཞིན
འདི་ལྟར་འཕུར་ཞིང་འདི་ལྟར་འབབ

     1996  3  27

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག