མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

ལུ་གུ་དང་ཁོའི་མཚན་མོ།

རྩོམ་པ་པོ། ཞི་བདེ་ཉི་མ།    2013-04-16 16:04

                                          

                མཚན་མོ་ནི་ལྷ་ཡི་རྨ་ཁ་ཡིན
                ཁྱོད་ནི་ང་ཡི་རྨ་ཁ་ཡིན
­                          ཧེ་ཙིའི མཇུག་མཐའི་མཚན་མོ་ལས་དྲངས། 

མེ་འོད་ལམ་ལམ་འཚེར་བའི་སེམས་ཁོངས་ལས
ཁྱོད་འབའ་དབྱངས་དང་དྲིལ་ཆུང་ཞིག་གི་རམ་འདེགས་ལས་འོང
མཚན་མོ་དང་རྒྱུ་སྐར་དུ་མའི་འཇམ་ཐང་ལ་ཉན་བཞིན
གྲང་འདར་གྱི་འཕར་རྩ་གཉོམ་པོར་རེ་ཞིག་ལང་ཚོ་ཡི་བློ་སྟོབས་བརྙེས 

མཚམས་སྤྲིན་དང་མཚན་མོས་བདེ་ལེགས་གྲངས་མེད་ཞུས་པ
ལུ་གུ་དང་ལྷས་རས་འཛུམ་བགས་ཀྱིས་དྲངས་ནའང
མེ་ལྕེ་འཕར་སྡེབ་བྱེད་པའི་མིག་ཟུང་འཁྱོག་པོས
མཚན་མོ་ལ་འགྲེལ་བཤད་ཁ་ཤས་བརྒྱབ 

བཞུར་མ་མྱོང་བའི་རྨིག་སྒྲ
དུས་ཚིགས་ཤིག་གི་མཛུབ་སྟོན་ལྟར་འཕྱོ་ནའང
རྒྱབ་ལྗོངས་དཀར་བོས་འོ་དོད་ལན་འགའ་དཀྲིག་པས
ཁྱོད་དང་མེ་ཏོག་ཀྱང་མཁའ་དབུགས་ཤིག་གི་འཕེལ་འགྲིབ་ལ་འགྲོགས 

ཐ་སྙད་དང་ལང་ཚོ་མེད་པའི་ཟླ་ངོགས་སུ
ཡབ་མེས་ཀྱིས་ལྷས་ར་བསྐྲུན་པའི་འཇོན་ཐང་དེ་གློག་ཅིང
འུར་ལྕག་ཅིག་གི་རྣམ་ཤེས་ལ་གསལ་འདེབས་བྱས་བ་མཐོང་བས
ཁྱོད་ཀྱིས་ས་སྲོད་ཅིག་ལ་མཆི་མའི་རྟོགས་བརྗོད་བྲིས
ཁྱོས་འཁང་ར་མེད་པའི་སེམས་པ་ཞིག་འཁྲུལ་སྣང་གི་དཔེ་རིས་སུ་ཕབས 

ལུ་གུ    སྤང་ཐང་གི་དབུགས་རྒྱུ་འཇམ་པོ
མཚན་མོ་གང་སར་བསྐྱོད་པའི་རླུང་ཡུན་ཁྲོད
ཁྱོད་ཀྱིས་གྲང་འཁྱག་གི་རྒྱུ་སྐར་འབའ་ཞིག་བགྲང་བཞིན
རང་ལ་གྲོགས་དན་གྱི་ཁ་གཡང་ཚ་མོ་ཞིག་སྦར 

ལུག་ཁྱུས་སྔོ་རྩ་བསྙེགས་པའི་ཞོགས་པ་དེར
བྲོ་བ་དྲག་རྩུབ་མེད་པའི་ཡུལ་ལྗོངས་འཇམ་པོས
ཁྱོད་བདེ་སྣང་གི་གོམ་འདེགས་སྟེར་མ་ཐུབ
ཁྱོད་གཡའ་དག་པའི་སེམས་པ་ཞིག་གི་ཁ་གཏད་དུ་འགྲེང་ནའང
ཁྱོད་ཀྱིས་མཚན་མོས་བཏེགས་པའི་མེ་དཔུང་གི་རྔམ་ཟིལ་ཅི་ཞིག་མཐོང་སོང 

ཨ་མའི་དབུགས་རྒྱུ་མཚན་མོ་ལ་ཐིམས་པའི་སོས་ཀ་དེར
ཁྱོས་འཚོ་གནས་དང་ཤི་འཕོས་ནི་སྲབ་འཇམ་གྱི་སྤྲིན་པ་ཞིག་ཡིན་བསམ
སྤང་ཐང་དེར་ལྐོག་གྱུར་གྱི་སྨྲ་བརྗོད་གཞན་ཞིག་སླེབས་པས
སུ་ཞིག་ནི་ལིོ་ཟླ་ཉི་མར་བསྲེས་པའི་ནག་ཉེས་ཡིན་པ་རྟོགས་དགོས་སྙམ
ཚ་དྲོད་འབར་བའི་མཚན་མོ་དེ་ནི
ལོ་དེར་རྩྭ་ལྗང་རྐང་གཅིག་སྐྱེས་བའི་དགའ་སྟོན་ཨེ་ཡིན 

ཆར་ཆུ་དང་ཁ་བ་མེད་པའི་དུས་ཚིགས་ཤིག་ལ
ཁྱོས་ཡབ་མེས་ཀྱི་བང་སོ་ནས་རྩྭ་སྐམ་ཉག་འགའ་ལྡོད་བཞིན
ས་སྲོད་གྲངས་མེད་ཅིག་གི་འཁོར་འགྲོས་ལ་འབའ་སྐད་བསྟིམས
ལུ་གུ་ཁྱོད་ཀྱིས་མཚན་མོ་བཅུ་གཉིས་ལ་རང་ཉིད་བསྲེས་ནས
འོད་སྣང་ཕྲ་བའི་སྐར་ཆེན་ཞིག་ལ་རམ་འདེགས་བྱེད་དོན་ཅི
རྫི་བོའི་སྤྲོ་འཛུམ་བསྟམས་པའི་ཞལ་ཕོར་གྱི་དཀྱིལ་དུ
རིགས་རུས་ཅིག་གི་འབའ་དབྱངས་འཁྱིལ་བ་ཁྱོད་ཀྱིས་ཐོས་སམ 

ལུ་གུ    མཚན་མོ་ལ་གུ་ཡངས་མེད
ཧྲལ་ཧྲིལ་གྱི་ཁ་དབུགས་ཅིག་གི་སྡོམ་ཚིག་བཞག་སྟེ
ལྷས་རའམ་ཡུལ་ལྗོངས་ཤིག་གི་ཟིན་བྲིས་ལ་འགྲེལ་བཤད་རྒྱོབས
དེ་ནི་འོ་མ་དང་དཀར་མདོག་མེད་པའི་གནས་ཚང་ཡིན

1999.12.3ཉིན་བྲིས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག