མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

དོ་ནུབ། ངས་ཁྱོད་ལ་གསོལ་བ་འདེབས།

རྩོམ་པ་པོ། ཞི་བདེ་ཉི་མས་བརྩམས།    2013-04-15 15:58

               

མཇུག་མཐའི་མེ་ཏོག་གི་གནས་ཚང་ལ་སྡོམ་ཚིག་འཇོག་དུས

དུས་ཚིགས་སེར་བོས་ངའི་འཇམ་ཐིང་ལ་ཟུག་ངུ་ཁ་ཤས་ཁྱེར་ཡོང

ངས་དབྱར་ལྗོངས་ཤིག་གི་རྗེས་དྲན་ཁྲོད

ཁ་བ་གཞན་ཞིག་གི་སྟོབས་འབྱོར་བསམ་དུས

ས་སྲོད་ཀྱི་ཆགས་སྡང་ཡོད་ཚད        ངའི་སེམས་ཁུངས་སུ་མཚན་མོ་རོལ་བར་ཡོང

དོ་ནུབ   མཚན་མོའི་ལེགས་སྐྱེས་ནི་ངའི་མིག་ཟུང་ཇི་བཞིན

སྟོན་ལྗོངས་སུ་སྡོད་པའི་སྒྲོལ་མ    ཚོ་ཁག་དུ་སྡོད་པའི་སྒྲོལ་མ་དྲན་ཡོང

 

སྒྲོལ་མ་ལགས    ངས་དབུལ་འཕོངས་ཀྱི་ཐ་སྙད་ཁ་ཤས་ཁྱེར་ནས

ཁྱོད་ལ་སེམས་གཏིང་གི་སྙན་ངག་ཐིག་ཕུལ་བ་ལས

ང་ནི་ཁྱོད་ཀྱི་མཆི་མ་བཞིན་གཉོམ་པའི་དྲན་གཡོག་ལྟར

ཁྱོད་ཀྱི་རྒྱང་རིང་གི་བཤུལ་ལམ་ལ་སྙིམ་པ་སྦྱོར་དགོས་བྱུང

 

སྒྲོལ་མ་ལགས     སྐྱོ་གདུང་མངའ་ཐང་བཞིན་སྤུངས་བའི་སྒྲོལ་མ

མེ་ཏོག་དང་འཕྲེད་གླིང་གི་ཡུལ་ལྗོངས་དེ་ནས

ཁྱོད་ཀྱིས་ཁ་བ་དང་ལུག་ཁྱུའི་བརྩེ་མདངས་ཀློག་བཞིན

རྫི་གླུ་གང་མང་ཞིག་གི་ལང་ཚོ་ལ་འཁོར་འགྲོས་བསྟིམས་དུས

ཁྱོད་ནི    ཚོ་ཁག་དེའི་ཆེས་སྔ་བའི་ཁ་གཡང་ཞིག་གི་དགོས་མཁོ་ཡིན་ལ

ཁ་བཏགས་ཅིག་གི་འགྲོ་སོང་དང་རམ་འདེགས་རེད

 

ཨ་མས་དཔྱིད་དཔལ་འཇམ་པའི་བཀའ་ལུང་ཞིག་གིས

ཁྱོད་ཀྱི་འཚོ་གནས་དུས་ཚིགས་གཞན་ཞིག་གི་བྲང་ངོས་ལ་བཅོལ་བ

དེ་རིང     ཁྱོད་ཀྱི་ལོངས་སྤྱོད་དང་ཐོབ་ཆ་ཉག་ཅིག་རེད

 

དོ་ནུབ    འཇམ་ཐིང་གི་ཟླ་བའི་སྙིང་ཁམས་ནས

ཁྱོད་ཀྱིས་གཉེན་མིའི་འཛུམ་ཞལ་འཁྱིལ་བའི་སྦྲ་ཁྱིམ་བགྲང་ཞིང

མེ་དཔུང་ཁྲོད་ཆེས་འཁྱག་པའི་འཁྲེང་ཞེན་རེ་བོར་བས

ཁྱོད་ཀྱི་ཚོ་ཁག་གི་བར་སྣང་ནས

ཉམས་ཞན་གྱི་རྒྱུ་སྐར་དག་ཀྱང་འདར་དགོས་བྱུང

 

དབུལ་འཕོངས་དང་མཛེས་སྡུག་གི་སྒྲོལ་མ

རྟ་མཆོག་གི་འཚེར་སྐད་ནི་ཆེས་མཇུག་མཐའི་སེམས་གསོ་དང་འདྲ་བར

ཁྱོད་ཀྱིས་ཁ་བཏགས་ཅིག་གི་བདེན་ལུགས་སེམས་ཁོངས་སུ་མིད་དེ

ནམ་མཁའ་གཞན་ཞིག་གི་ངོ་གདོང་ལ་རང་ཉིད་ཕུལ་དུས

སྒྲོལ་མ་ལགས   མེ་ཏོག་དག་ནི་མི་ཡུལ་གྱི་ལང་ཚོ་ཡིན་པ་ག་ལ་ཚོར

 

ཟླ་འོད་འོག་གི་རྨི་ལམ་ཉུལ་བའི་སྒྲོལ་མ

དོ་ནུབ་ཞི་བདེ་འཇམ་ཐིང་གི་གྲོང་ཚོ་དག་ལས

ཟླ་བའི་གཏིང་མཐའ་ཉུལ་བའི་ཁ་བ་ཁྱུ་ཞིག་གིས

ཁ་བཏགས་ལ་འགྲེལ་སྟངས་གསར་བ་འཚོལ་བཞིན

ཕ་བོང་ཁ་ཤས་ཀྱི་སྙིང་ཁམས་ལ་རྨ་ཁ་བཟོས་པ

ཁྱོད་ཀྱི་ཟུངས་ཁྲག་ལ་སྨྲ་བརྗོད་འཚོལ་བའི་བརྒྱུད་རིམ་ཞིག་རེད

སྒྲོལ་མ་ལགས    རྒྱང་རིང་ཚོ་ཁག་ནས

ཁ་བ་དག་གི་མཛད་འཕྲིན་ལ་གསོལ་བ་ཐོབས

 

སྒྲོལ་མ་ལགས    དོ་ནུབ་ངས་ཁྱོད་དྲན་བྱུང

ཁྱོད་ཀྱིས་མ་ཡུལ་ལྟར་འཇམ་པའི་མཁས་མཛངས་དུ་མས

ང་ཚོའི་ཟུངས་ཁྲག་ལ་ཚོ་བཅུད་བསྩལ་བ

དོ་ནུབ   ངས་རྒྱང་རིང་གི་གྲོང་ཚོ་ཞིག་ནས་ཡང་ཡང་དྲན

 

སྒྲོལ་མ་ལགས    བདག་གི་ཟུངས་ཁྲག་ཁྲོད་བཞད་པའི་མེ་ཏོག

རྨི་ལམ་བཞིན་འཇམ་པའི་ཚོ་ཁག་དེ་ནས

ཁྱོད་ཀྱིས་ངའི་སྙན་ངག་གི་སེམས་པ་སྒུལ་བྱུང

དོ་ནུབ   ང་སྟོན་མཇུག་དང་ཟླ་འོད་ཀྱི་བར་མཚམས་ནས་བསྡད་དེ

ཁྱོད་ལ་ཡུལ་མིའི་བརྩེ་མདངས་གླེང

ཁྱོད་ལ་གཡའ་དག་པའི་སྙན་ངག་འབྲི    ཁྱོད་ལ་གསོལ་བ་འདེབས

    

                                                   1996  6   3

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག