མི་རྣམས་དལ་ཅག་གེར་བསྡོད་དང་།
ད་ནི་སྙན་ངག་པའི་སྐྱེས་སྐར་རེད།
____བརྗོད་བྱང་།
སྐྱེས་སྐར་དེའི་རྗེས་སུ།
སྙན་ངག་པའི་སྐྱེས་སྐར་རེད།
ངས་ཟུང་ཁྲག་གི་སྒྲོན་མེར་རང་ཉིད་སྦར་ནས།
རླུང་ཡན་དང་ལོ་ལེགས་ཁྲོད།
ཉི་ནུབ་ཀྱི་དཔེ་ཆར་ལྟ་དུས།
ཚ་དྲོད་འབར་བའི་ཕ་ཡུལ་ལས།
ངའི་སྙན་ངག་གི་སྐྱེས་སྐར་མཐོང་།
དུས་དེར།
ངས་མཐའ་མཇུག་གི་རྒོད་པོ་ཁྱུ་ཞིག་གི་རང་རྣམ་ལ་བཟོ་བཅོས་བརྒྱབ་སྟེ།
སྙན་ངག་ཁྲོད་རང་ཉིད་བཏེགས་ནས་འཇིག་རྟེན་ལ་བསྟན།
སྐྱེས་སྐར་དེའི་རྗེས་སུ།
ང་རང་འཁྱག་རླུང་ཇི་བཞིན་ས་གཞི་ཡི་དཀྱིལ་དུ་ངུས།
ངས་བྱ་ཚོགས་མང་པོའི་བྱིས་བློ་ལ་དར་བྱང་བསྒྲིགས་དུས།
གསེར་འོད་དང་གྲོང་རོང་ལས།
ངས་རང་ཉིད་ཀྱི་ཁ་དབུགས་མཐོང་།
མཚན་མོ་དང་ཨ་མའི་སྙིང་གཏམ་ལྗིད་མོ།
སྦྲ་ནག་དང་རྒྱུ་སྐར་གྱི་འབར་རླབས་གྲང་མོ།
གླུ་དབྱངས་ཇི་བཞིན་ང་རང་བསྙལ།
ངས་རྨི་ལམ་ཁྲོད་གཙང་ངོགས་ཀྱི་ཨ་ལན་འཚོལ་དུས།
ང་ནི་དགུན་ཁ་ཞིག་གི་ཟུར་མིག་ཡིན་སོང་།
སྐྱེས་སྐར་དེའི་རྗེས་སུ།
ཁྲག་དྲོན་དེའི་ཆེད་དུ་ངས་རང་ཉིད་ལ་བཞུར་སྟངས་བཙལ།
ནམ་མཁའ་དང་ཁྱིམ་གཞིས་དེས།
སྔོ་ཡུག་ཡུག་གི་ཞི་དུལ་རུམ་དུས།
ངས་སྐྱི་གཡའ་བའི་བག་སྟོན་དང་།
མཛེས་སྡུག་གི་ཆོ་ག་སྣ་ཚོགས་ལས།
སྐྱོ་གདུང་གི་འཛུམ་བག་སྣ་ཚོགས་མྱངས་ཤིང་མིད།
སྐྱེས་སྐར་དེའི་རྗེས་སུ།
ཁ་བ་ཞིག་གི་མཛའ་གཏམ་སྔས་སུ་བབས་ཤིང་།
རིའི་ཕ་རོལ་ལ་གླུ་དབྱངས་ཀྱི་ཐིགས་པ་ཁ་ཤས་འཐོར་དུས།
དབྱར་ལྗོངས་དང་ཁུ་བྱུག་གི་ནགས་ཚལ་ནས།
ངས་ཆར་ཆུར་ཉན་ཏེ་མེ་ལྟར་ཚ་བའི་སྙན་ངག་ལ་མིག་ཆུ་བྱིན།
སྐྱེས་སྐར་དེའི་རྗེས་སུ།
སྟོན་ལྗོངས་དང་ཤིང་རྟའི་གདུང་ཤུགས་ཁྱེར་ནས།
གཞོན་ནུ་མ་དང་ས་སྲོད་ཀྱི་ཟུངས་ཁྲག་ཕྱར་དུས།
ངའི་སྒྲ་དབྱངས་ལ་མེ་ཏོག་གི་མྱ་ངན་མང་པོ་འཁོལ།
དུས་དེར།
ངས་ངུ་ངག་གི་གནས་ཚང་བསྙེགས་པའི།
ཕ་ཡུལ་གྱི་ཉི་ནུབ་བརྗིད་པོ་ལས།
ཆུ་དང་ཚེ་སྲོག་གི་ལུག་ཁྱུ་ཞིག་རྙེད་པ་དང་།
རྣམ་ཤེས་ཀྱི་སྙན་ངག་དང་ཨ་མའི་སྙན་ངག་མཐོང་།
སྐྱེས་སྐར་དེའི་རྗེས་སུ།
ངས་རླུང་ཤུགས་དང་ས་གཞིས་བྲིས་པའི་བརྗེད་ཐོ་བཀླག་མ་མྱོང་།
སྨྲེ་ངག་ཞིམ་པོས་རུས་རྐང་ལ་བསླུ་བྲིད་བཤམ་དུས།
ངའི་སྔས་འགྲམ་དུ་སྒྲེན་མོར་རྒྱུ་བའི་ཞབས་བྲོའི་ཚོགས་ཀྱང་།
ཉི་མའི་བརླན་གཤེར་འཐུང་བཞིན་འཚར་ལོངས་བྱུང་།
སྐྱེས་སྐར་དེའི་རྗེས་སུ།
ཉི་ནུབ་ཀྱི་ཁུ་བས་བསྐྱེད་པའི་ཨ་མའི་རྒོད་པོའི་ཚོགས་དང་།
ས་གཞིའི་ཚ་གྲང་བཏུ་བའི་ལྷ་ཡུལ་གྱི་མིག་ཟུང་དག
ད་དུང་། བྲག་ཐེམ་དམར་པོས་མཆོད་པའི།
གཉེན་ཉེ་དང་རྒྱལ་སྲས་ཁྲི་ཕྲག
འདི་དག་གིས་བྲང་ཁོངས་སུ།
གླུ་དབྱངས་ཀྱི་ས་བོན་སྦྲུམ་བྱུང་།
སྐྱེས་སྐར་དེའི་རྗེས་སུ།
ང་ཚོའི་སྒེའུ་ཁུང་ནི་ཆོས་ལུགས་ཀྱི་འོད་སྟོང་ཇི་བཞིན་འཇམ།
ཀེང་རུས་ལ་ཐ་སྙད་བསྩོལ་པའི་དུས་སྐར་མཐའ་དག་ཀྱང་།
ལྡེབས་རིས་ཇི་བཞིན་ངའི་མིག་དབང་འཕྲོག
སྐྱེས་སྐར་དེའི་རྗེས་སུ།
ངས་གཡུལ་ངོ་ནས་གླུ་དབྱངས་བླངས་ཟིན་པས།
ང་ཚོའི་སྙན་ངག་པ་དག་ལ།
སྨྲ་སྒོའི་མཚོན་ཆ་ཤར་སོང་།
དུས་འདིར། ངས་རང་ཉིད་བརྒྱུད་ནས།
ནམ་མཁའ་ལ་སྐྱེས་སྐར་སྐོར་གྱི་གསང་ཚིག་རེ་རེ་བརྗོད་དུས།
བྱིས་པ་ཚོས་སྙན་ངག་དང་ལུག་ཁྱུ་དེད་དེ།
ངའི་རྒྱང་ལྗོངས་སུ་ཚོ་ཁག་དང་རྫི་གཞས་བཤམས་སོང་།
1995.10.17ཉིན།