མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

བྱ་ཆེན་ནི་སུ་ཞིག་རེད།

རྩོམ་པ་པོ། ཞི་བདེ་ཉི་མས་བརྩམས།    2013-04-15 15:54

བྱ་ཆེན་འཕུར་བའི་ས་སྲོད་དེར།

ལུག་ཁྱུ་དེ་གཞི་ནས་ཕྱིར་སླེབས་སོང་།

རྫི་བོ་དག་གིས་སྐད་གདངས་རན་པའི།

གྲེ་འགྱུར་མང་པོའི་གླུ་ཞིག་བླངས་སོང་།

 

བྱ་ཆེན་ནི་སུ་ཞིག་གི་ཕོ་ཉ་རེད།

ལྕི་བ་བརྩིགས་མཁན་དག་གི་ཡུལ་སྲུང་བ་ཡིན་ནམ།

འོ་མ་འཐུང་མཁན་དག་གི་སྒོ་ཆེན་རེད།

མཁའ་ལམ་མེ་རུ་བསྲེགས་ནས།

རང་ཉིད་ལ་བདེན་ལམ་འཚོལ་མཁན་གྱི

རི་ཚོགས་ཀྱི་མིག་ཟུང་རེད།

 

བྱ་ཆེན་འཕུར་བའི་ཕྱི་དྲོར།

ནགས་ཚལ་གྱི་ཁོངས་ན་འཁྱོར་བའི།

ནད་པ་ཚོར་ཅི་ཞིག་གི་ཞོགས་པ་ཤར་སོང་།

ནགས་ཚལ་གྱི་ཉི་ཐིགས་ཁྲོད།

འགྲེ་ལོག་ཐེངས་མང་བརྒྱབ་ཀྱང་།

མི་ཞིག་གི་གཡབ་མོ་དང་འབོད་པ་ཅི་ལ་མ་ཐོས།

 

བྱ་ཆེན་ནི་ཆར་ཆུའི་ཁྲོད་ཀྱི་འོད་སྟོང་ཡིན།

རི་ཚོགས་ཀྱི་བར་སྣང་ནས་གནས་ཚང་ལ་རྒྱང་མིག་འཕེན།

ཆུ་དང་ཡབ་མེས་ཀྱི་འབྱོར་ཕྱུག་གིས།

གཞིས་ཁྱིམ་ཆེན་མོ་ཚར་ལོངས་འབྱུང་བཞིན་པ།

ཁྱོད་ལས་སུ་ཞིག་གིས་གོ་བརྡ་སྤྲད་སོང་།

 

བྱ་ཆེན་འཕུར་ཤུལ་དུ།

ང་ལ་མཁོ་བ་མེད་པའི་རི་ཞིག་བཞག་ཡོད།

བྱ་ཁྱུ་དག་གིས་གནས་མལ་ཁྲོད།

ངས་རི་གསུམ་གྱི་འོད་ཟེར་དང་།

རྡོ་གསུམ་གྱི་མཁས་མཛངས་ནང་།

མི་ཡུལ་ལ་མེ་ཞིག་གི་འབར་སྟངས་དང་།

བྱ་ཆེན་ཞིག་གི་འཕུར་སྟངས་ལ།

གསེར་ལས་བརྗིད་པའི་གནས་ལུགས་ཅིག་བྲིས་ཡོད།

 

བྱ་ཆེན་ནི་ཅི་ཞིག་རེད།

བྱ་ཆེན་ནི་ཡབ་མེས་ཚོའི་སྐྱ་རེངས་ལ།

གད་དར་བྱེད་མཁན་གྱི

མི་ཡུལ་གྱི་འབར་སྟངས་ཅིག་རེད།

2004.10.11ཉིན་ཟི་ལིང་ནས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག