མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

རྒོད་པོ་འཕུར་སོང་།

རྩོམ་པ་པོ། ཞི་བདེ་ཉི་མས་བརྩམས།    2013-04-15 15:51

སྨུག་པ་དེ་ཡལ་རྗེས།
རྒོད་པོ་དེ་སྔ་མོ་ནས་འཕུར་ཚར།
རི་དེ་ཆག་གྲུམ་ཅི་ཡང་མེད་པར།
རྔམ་བརྗིད་ངང་ང་ལ་བཞག་སོང་།
གཞིས་དེ་དབེན་ཐིང་ངེར་ང་ལ་བཞག་སོང་།

རྒོད་པོ་དེ་འཕུར་རྗེས།
ང་ཧ་ཅང་བརྟན།
གླུ་བླངས་པའི་ལོ་ཟླ
ཐང་ཆེན་པོའི་ལོ་ཟླ།
ནགས་ཚལ་གྱི་ལོ་ཟླ།
ད་དུང་ངའི་རུ་སྡེ་ན་འགྲོ

སྨུག་པ་དེ་ཡལ་རྗེས།
ང་གཞི་ནས་སད་བྱུང་བ་འདྲ།
ངས་ཀི་ཅོ་ཞིག་འདོན་དགོས།
རྒོད་པོ་དེས་ཐེངས་ཤིག་ཉན་རྗེས།
བྲག་ཐེམ་ལ་བསམ་བློ་གཏོང་ངེས།
         
རྒོད་པོ་དེ་འཕུར་རྗེས  
ལྕམ་སྲིང་དག་གིས་རི་སྒང་གི་སྨུག་ཞགས་ཁྲོད།
རང་ཉིད་ཀྱི་རླུང་རྟ་ག་ལེར་གཏོར།
དེ་ནི་ཁྱོད་འཕུར་ཤུལ་གྱི་དགོས་མཁོ་རེད།
དེ་ནི་ང་ཐང་ཆད་པའི་ཁ་གསབ་རེད།

རྒོད་པོ་དེ་འཕུར་ཤུལ་དུ།
ངས་ཞེ་འཁོན་གང་ཡང་གླེང་མ་མྱོང་།
རླུང་གི་རྒྱུ་ཕྱོགས་དེས།
ང་ལ་སེམས་གསོ་ཕྲན་བུ་གནངས།

རྒོད་པོ་དེ་འཕུར་རྗེས།
ང་ལ་ཆག་སྒོ་གང་ཡང་མ་བྱུང་།
ངས་ཉི་ཤར་དང་ཉི་ནུབ་ཀྱི་འཁོར་བསྐྱོད་ཁྲོད།
སྒོ་མོ་དེ་ལན་གང་མང་ལ་ཕྱེས་ནས།
བྱ་ཁྱུ་དེའི་འཕུར་སྟངས་ལ་མཛུབ་རྩིས་ལན་མང་བརྒྱབ།
                                               2005-8-28ཉིན

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག