མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཞི་བདེ་ཉི་མ།

རྒོད་པོས་ནམ་འཕང་བསྟད་སོང༌།

རྩོམ་པ་པོ། ཞི་བདེ་ཉི་མས་བརྩམས།    2013-04-15 11:20

    

རྒོད་པོས་ནམ་འཕང་སྟོད་བཞིན་འདུག ངའི་ཚོ་ཁག་གི་བར་སྣང་དུ།

རྒོད་པོས་ས་ཆེན་གྱི་རུས་རྐང་བསྐྱུར་ཏེ། ནམ་འཕང་གཏད་སོང༌།

ཁོའི་གཤོག་ཟུང་ནི་མཁའ་དབྱིངས་ཀྱི་མེ་ཕུང་བཞིན།

དམངས་གླུ་ཞིག་གི་རྒྱུ་ཕྱོགས་དང་བསྟུན་ནས།

བྲག་ཐེམ་དང་ནགས་ཚལ་གྱི་བར་སྣང་དུ།ཁེར་སྐྱང་གིས་འབར།

རྒོད་པོ་ནི་བར་སྣང་གི་འོད་སྟོང་རེད།

རྒོད་པོས་ནམ་འཕང་སྟོད་དུས།ས་ཆེན་ལ་བསམ་བློ་མང༌།

བྲག་ཐེམ་གྱི་འཇམ་ཐིང་ངོས་ན། ས་སྲོད་མང༌།

རྒོད་པོ་ནི་ཉི་མའི་བུ་ཆུང་རེད།

རྒྱུ་སྐར་གྱི་གྲོང་ཚོ་ནས་འདི་ལྟར་འབར།

རྒོད་པོ་ནི་མཁའ་དབྱིངས་ཀྱི་གཉེན་ཉེ་བཞིན།

མིའི་རིགས་ཀྱི་མིག་ཟུང་ཁྲོད་བྱམས་བརྩེ་བཞིན་འཁོལ།

རྒོད་པོས་འདི་ལྟར་ནམ་འཕང་བསྟད་ནའང༌།མཚར་སྡུགགི་གཤོག་ཟུང༌།

ངའི་ཟུངས་ཁྲག་དང་རྒྱང་ཐག་ཉེ།

ས་ཆེན་གྱི་ཉིན་མོའི་ཁྲོད། ང་དབེན་སྟོང་གིས་བསྡད་དེ།

བྱ་ཚོགས་ཀྱི་གྲགས་འགུལ་ལ་འགྲེལ་སྟངས་ཁ་ཤས་བཙལ།

དུས་དེར།སྐྱོ་གདུང་གི་རླུང་ཡན་ཁྲོད།

ཁྱོད་བདེན་ལུགས་བཞིན་ལྡིང་འཁོར་བརྒྱབ་སྟེ།

ངའི་སེམས་ཁོང་ལ་རི་ཆུ་བྲིས།

རྒོད་པོ་ལགས། ཁྱོས་ངའི་བར་སྣང་ནས་ལྡིང་འཁོར་རྒྱོབས།

ངའི་ལྕམ་སྲིང་དག་གི་ཞི་དུལ་གྱི་དམངས་གཞས་གཉོམ་པོ།

ནམ་ཡང་བདེ་སྐྱིད་དང་སྐྱོ་སྣང་ངང༌། ཁྱོད་ལ་ལེན།

ཁྱོད་འཚོ་ཞིང་གཞེས་པས།ང་ལ་རླབས་ཆེ་བའི་ནམ་མཁའ་ཡོད།

སྙིང་ཉེ་བའི་རྒོད་པོ། ཟིང་ཟིང་གི་ས་ཆེན་ན་ཁྱོའི་བྲག་ཐེམ་ཡོད།

ནམ་མཁའ་ནི་ལྷ་ཚོགས་ཀྱི་ཕ་ཡུལ་ཡིན།

ཁྱོད་ནི་བྲག་ཐེམ་གྱི་མངའ་ཐང་ཡིན།

ཁྱོད་ཁུ་སིམ་མེར་བྲག་ཐེམ་དུ་བབས་བྱུང༌།

ཁྱོད་ཀྱིས་གསེར་མདོག་གིས་ས་སྲོད་འཁུར་ཏེ། བྲག་ཐེམ་དུ་བབས་བྱུང༌།

བྲག་ཐེམ་གྱི་དགོང་དྲོ། ས་སྲོད་ཀྱི་གནས་ཚང་བཞིན་བརྗིད།

བྲག་ཐེམ་གྱི་དགོང་དྲོ། ས་སྲོད་ཀྱི་ཕུགས་བསམ་བཞིན་དམར།

ཁྱོད་ཀྱི་ཞི་དུལ་གྱི་མིག་ཟུང༌།དགོང་དྲོ་འདིའི་བསམ་བློ་ལྟར།

རི་བོང་གང་ཞིག་གི་མྱ་ངན་ཁྲོད་འཁོར།

རྒོད་པོ། ང་ཁྱོད་དང་བྲག་ཐེམ་གྱི་ཁ་གཏད་དུ་བསྡད་ནས།

ས་སྲོད་སྟོང་ཕྲག་གི་ཟབ་ཚད་ལ་མྱོང་ཚོར་ལེན་དུས།

ང་དང་ངའི་གཉེན་ཉེའི་ཚོགས།ནམ་མཁའི་ཁ་གཏད་དུ།

དུས་ཚིགས་སྟོང་ཕྲག་ལ་བསྡད་པ་རྟོགས།

རྒོད་པོ།ང་ཁྱོད་ཀྱི་ཁ་གཏད་དུ་འགྲེང་བ་ནི།

ནམ་མཁའི་ཁ་གཏད་དུ་འགྲེང་བ་རེད།

ཁྱོད་ནི་ཇི་འདྲའི་མཐའ་ཡས་པ་ཞིག་རེད་ཨང༌།

དུས་ཚིགས་གང་མང་གི་རྗེས་ཤུལ་དུ།

བྲག་ཐེམ་ན་འཇམ་ཐིང་མེད། འདོད་བློ་མེད།

ད་རུང་ཞབས་བྲོ་བཞིན་གཙང་བའི་བསམ་བློ་མེད།

དེ་དུས།ངས་ཡུལ་ལྗོངས་ཟབ་མོ་ཞིག་གི་བརྗོད་བྱང་བཟུང་སྟེ།

གཙང་ངོགས་ཀྱི་སྒྲོན་མེ་ཁྲི་ཕྲག་ལ། ས་ཆེན་གྱི་འཇོན་ཐང་སློང་སྲིད་ལ།

བྲག་ཐེམ་གྱི་དབྱར་ཀ་དག་ལ་གཏིང་ཟབ་པའི་དམངས་གཞས་ཤིག་ལེན་ངེས།

རྒོད་པོ།དེ་དུས། ཁྱོད་ལྷ་ཚོགས་ཀྱི་ཕ་ཡུལ་ནས་བསྡད་དེ།

ལྒང་ཞུ་དང་རོལ་མོའི་དཀྱིལ་དབུས་ནས་རྒྱལ་སྲས་བཞིན།

རྒྱལ་ཆེན་སུ་ཞིག་གི་་དྲག་ཉམས་མྱོང་ངེས།

རྒོད་པོ།ད་ནི་ངའི་ཡུལ་ལྗོངས་ལ་སེམས་མ་ཤོར།

ཁྱོད་ནི་འོད་སྟོང་གི་ཕ་ཡུལ་འཚོལ་མཁན་རེད།

ཁྱོད་ཀྱི་ཤེས་སྟོབས་ཀྱི་བྲང་ཁོང་མཁའ་དབྱིངས་ན་འཕྱོ་དུས།

ང་ས་ཆེན་གྱི་དཀྱིལ་ན་ངུས།

ང་ས་ཆེན་གྱི་རྨ་ཁའི་ཁྲོད་བྱེའུ་ཆུང་བཞིན་ངུ།

རྒོད་པོ་ལགས།ངའི་མིག་ཆུ་ནམ་མཁའ་ནས་འཛད་ནའང༌།

ཁྱོད་ལ་ད་རུང་ས་ཆེན་དང་གཙང་ཆུ་ཡོད།

རྒོད་པོ། མིག་ཆུ་ལས་ཀྱང་རྔམ་བརྗིད་ལྡན་པ་ཞིག

ད་ནི། གནས་ཚང་འདིར་རྙེད་མི་སྲིད།

ལྷགས་རླུང་དང་རྒྱུ་སྐར་ཐར་ཐོར། བྲག་ཐེམ་ན་བན་བུན་རྒྱུ་དུས།

ངས་སྲོག་ལྡན་དུང་ཕྱུར་གྱི་རྨེག་མེད་ཁྲོད།

སྙན་ངག་དང་དབུལ་ཕོངས་སྲུང༌།རྒོད་པོ།

ཐམས་ཅད་ངའི་ཆེད་དུ་འབར་ནའང༌། ང་ནི་ཇི་འདྲའི་གྲང་ཨང༌།

དུས་ཚིགས་འདིའི་དགོང་དྲོར། བྱ་ཁྱུ་འཕུར་སོང་་་།

རྒོད་པོ་ནི་ཇི་འདྲའི་སྟོང་ཞིང༌།བྲག་ཐེམ་གྱི་རུས་རྐང་ནི་ཇི་འདྲའི་འཁྱག

བྲག་ཐེམ་གྱི་འཕེལ་འགྲིབ་ཁྲོད།རྒོད་པོར་བསམ་བློ་མང༌།

ཁྱོད་ཀྱིས་བྱ་ཁྱུ་འཕུར་ཤུལ་གྱི་སྙན་གྲགས་དེ།

བྱ་ཆེན་སུ་ཞིག་གི་ཡུལ་ལྗོངས་སུ། བག་ཡངས་ཀྱི་རྒྱུ་བ་དྲན།

རྒོད་པོ།ཟིང་ཟིང་གི་ས་ཆེན་འདི། བྱ་ཆེན་སུ་ཞིག་གི་ལས་སྐལ་ལམ།

ཡང་ན།ངའི་མི་ཚེ་ཧྲིལ་བོའི་གཟི་བརྗིད་དང་རེ་སྒུག་ཨེ་ཡིན།

ནགས་ཚལ་གང་མང་གི་ཉམས་དམས་ལ།

ངས་ཕ་ཡུལ་ནས་འཕྲེད་གླིང་མ་བཏང༌།

བྱ་ཚོགས་གང་ཞིག་གི་བཟོ་ལྟ་ལ།

ངས་དམངས་གླུ་དེ་དབེན་སྟོང་གིས་བླངས།

རྒོད་པོ། ས་ཆེན་ཟིང་ཟིང་གིས་འཚོ་དུས། ཁྱོད་ཀྱང་ཟིང་ཟིང་གིས་འཚོ།

ཁྱོད་དང་ས་ཆེན་ནི་རྒྱུ་སྐར་གཅིག་གི་མིག་ཆུ་རེད།

ཁྱོད་ཀྱི་རྣོ་དབལ་གྱི་འདོད་བློ་ནི་ས་ཆེན་གྱི་འདོད་བློ་རེད།

རྒོད་པོ། དོ་ནུབ་ཁྱོད་མེ་ཏོག་ཇི་བཞིན།

ང་དང་ས་ཆེན་གྱི་རྨ་ཁའི་ཁྲོད་ཐེངས་ཤིག་ཉལ་རོགས།

ངའི་མཛེས་སྡུག་གི་ཟུངས་ཁྲག

ཞོགས་པའི་འོད་སྟོང་ཁྲོད།

རྒོད་པོའི་ཕུགས་བསམ་ལ་འཁོལ།

95.5.8ཉིན་བྲིས།

     

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག