ཁྱོད་ད་དུང་ཅུང་ཙམ་ཡང་མི་ངལ་ལམ།
རི་དེ་འདྲ་ཞིག་གི་ཕར་རྒྱབ་ནས་ཡོང་བ་སུར་མི་གསལ།
ང་ལ་ཐང་ཆད་པའི་དུས་ཤིག་མེད་པ་དེ།
ངོ་མཚར་བའི་རྒྱུ་རྐྱེན་ཅིག་རེད།
ཁྱོད་ད་དུང་འདི་ལྟར།
རྒྱུ་རྐྱེན་གང་མང་བགྲང་བཞིན།
མུ་མཐུད་དུ།
ངལ་བ་མེད་པའི་ངང་མདུན་དུ་སྐྱོད་པ་སུས་མི་རྟོགས།
ཁྱོད་ནས་ངལ་གསོ་ཕྲན་བུ་ཞིག་རྒྱོབས།
བཏུང་ཆུ་ཧུབ་གང་གི་རྗེས་སུ།
མིག་ཧྲིག་ཧྲིག་གིས་བགས་ཡོད་ངང་ང་ལ་ལྟོས།
རྡོ་བ་བསྒྲིགས་པའི་གོ་རིམ་དེ།
ངས་རྦད་དེ་གཏོར་ཟིན།
ད་ནི་ངས་ཁྱོད་ལ་རོ་བཅུད་ཅན་གྱི་གླུ་ཞིག་ལེན།
དེ་ལ་རྒྱུ་རྐྱེན་གང་ཡང་མི་དགོས།
ལོ་ཟླ་གང་མང་ཞིག་གི་ཕ་རོལ་ནས།
ཁྱོད་ག་ལེར་ཡོང་།
ལོ་ཟླ་གང་མང་ཞིག་གི་ཕ་རོལ་ནས།
ང་ག་ལེར་ཡོང་།
མེ་ཕུང་དེའི་ཆེད་དུ་གཞས་ག་འདྲ་ཞིག་བཏང་བ།
ཤ་བཟའ་མཁན་ཁ་ཤས་ནས་ཁྱོད་ལ་ར་སྤྲོད་བྱེད་ངེས།
རྒྱུ་རྐྱེན་མང་པོ་མི་དགོས།
རང་གི་རྣམ་ཤེས་གཤགས་རྒྱུ་དེ།
ལས་སླ་བོ་ཞིག་ག་ཡིན།
རྡོ་འཕེན་ཚེ་ཆུ་བོ་དགོས་ལ།
ཆུ་མེད་ས་རུ་འགྲུབ་བཞུད་པ་མང་པོ་མེད།
ཐོས་བྱུང་ངམ།
རྡོ་འཕེན་ཚེ་ཆུ་བོ་དགོས་ལ།
ཆུ་མེད་ས་རུ་ཀུ་ཅོ་དང་འཕག་འཚག་མེད།
སེམས་དང་ངོ་གདོང་ལུ་ཀུ་དག་ལའང་ཡོད།
རྒྱུ་རྐྱེན་མང་པོ་ཁོ་ཚོར་ཡོད་མ་མྱོང་།
ག་ལེར་རྩྭ་ཟ་བའི་གོ་རིམ་དེ་རྒྱུ་རྐྱེན་ཞིག་ཨེ་ཡིན།
ག་ལེར་མིག་ཆུ་འདོན་པ་དེའང་རྒྱུ་རྐྱེན་ཞིག་ཨེ་ཡིན།
རྡོ་བ་དག་ལ་ཅི་ཡང་མཁོ་མི་སྲིད།
སྐུ་དྲིན་ཅན་གྱི་མེས་པོ་ཚོ་ནི།
ཤིན་ཏུ་རྫོབ་པའི་མལ་ཆེན་པོ་ཞིག་རེད།
རྒྱུ་རྐྱེན་མང་པོ་མི་དགོས།
2002.1.25ཉིན་ཟི་ལིང་ནས།