པཎ་ཆེན་མཆོག་གི་རྟོཊ་བརྗོད་གསེར་གྱི་མེ་ཏོག

ཨོཾ་སྭ་སྟི། 
བྱ་དཀའི་སྤྱོད་པ་འབུམ་ཕྲག་གིས།།
ཟག་མེད་ཆོས་ཀྱི་སྐུ་བརྙེས་ཏེ།།
འཕྲིན་ལས་ཉི་ཟླ་འབར་བའི་གཟིས།།
རྨོངས་སེལ་ཤཱཀྱ་སེང་གེར་འདུད།།
དགེ་མ་མངོན་དགའ་འོ་མའི་མཚོའི།།
ངང་མོ་བསིལ་བའི་རྔ་ཡབ་ཅན།།
ལེགས་གསུང་དྲི་ཟའི་རྒྱུད་མང་གླུས།།
དྲན་པའི་རི་དྭགས་འཛིན་པ་སྩོལ།།
བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ན།།
ཀུན་བཟང་ཉི་མའི་སྣང་གསལ་གྱིས།།
ཆེ་ལས་ཆེ་བའི་ཅོད་པན་རྩེ།།
ས་ལ་བསྙིལ་བས་དགེ་ལེགས་བྱིན།།
བློ་བཟང་འཕྲིན་ལས་ལྷུན་གྲུབ་སྟེ།།
ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་མགོན།།
སྙིང་གི་པད་མོའི་ལྟེ་བ་ལ།།
བྱང་ཆུབ་བར་དུ་འབྲལ་མེད་བསྟེན།།
གང་གི་གསང་གསུམ་ཡོན་ཏན་མཐའ།།
གཞལ་ལ་འཇམ་དབྱངས་ངལ་བྱེད་ཀྱང་།།
སྐྲ་རྩེས་བླངས་པའི་ཐིགས་པ་ཙམ།།
བརྗོད་འདོད་སྙིང་གི་ཁུང་བུར་ཉལ།།
བདག་གི་ཚེ་རབས་ཕྲེང་བ་རུ།།
གཟུངས་སྤོབས་ཤེས་རབ་མི་ཟད་པའི།།
གཏེར་ལ་འདོད་རྒུར་སྤྱོད་པའི་སླད།།
རྣམ་ཐར་སྙིང་པོ་བརྗོད་ལ་སྤྲོ།།
མི་འཇིགས་སྟོབས་བཅུའི་རྩལ་ལྡན་རྣམས།།
རང་ཉིད་གཤེགས་པའི་ལམ་པོ་ཆེར།།
མཁའ་མཉམ་ལུས་ཅན་བཀྲི་མཛད་པ།།
ལྷན་སྐྱེས་འགྱུར་མེད་རང་བཞིན་ཉིད།།
འཇིག་ལྟ་ཉི་ཤུའི་གཅོང་རོང་དུ།།
ལྷུང་བའི་ཉམ་ཐག་སྐྱེ་དགུ་ལ།།
འཕྲལ་ཡུན་དགོས་འདོད་ནོར་བུའི་དཔྱ།།
ལྷུག་པར་འཇོ་བ་དེ་རྨད་དོ།།
ཉིན་བྱེད་སྣང་བས་མི་མཚོན་པའི།།
སྤྲུལ་རབས་རྒྱ་མཚོའི་རྡུལ་གྲངས་ལས།།
བརྒལ་བས་མཐའ་ཡས་གདུལ་བྱ་ལ།།
སྨན་པའི་ལེགས་མཛད་བསམ་ལས་འདས།།
བྱིན་རླབས་ཉི་མའི་རྩེ་དགའ་དང་།།
དད་པའི་པད་མོ་ཕྲད་པ་ལས།།
དགེ་ལེགས་མི་ཟད་སྦྲང་རྩིའི་དཔལ།།
ཅིར་ཡང་འཕྲུལ་བ་དངོས་པོའི་གཤིས།།
འཇམ་དབྱངས་འཁོན་གྱི་གདུང་རྒྱུད་ལ།།
ཡེ་ཤེས་སྤྱན་གྱིས་མངོན་གཟིགས་ཏེ།།
བིས་མདོའི་ཡུལ་གྲུར་དག་པའི་སྐུས།།
ལྷུམས་སུ་ཞུགས་པའི་དགེ་མཚན་བསྟན།།
ལྷ་དང་བླ་མ་དགོངས་གཅིག་གིས།།
བློ་བཟང་ཆོས་ཀྱི་ཉི་མ་ཆེ།།
དགེ་ལེགས་རྣམ་པར་རྒྱལ་བ་སྟེ།།
མི་འཇིགས་གདོང་ལྔའི་ཁྲི་ལ་བཀོད།།
རླབས་ཆེན་ཚོགས་གཉིས་འོ་མའི་བཅུད།།
གསོས་སུ་སྨིན་པ་སེང་གེའི་བུ།།
འཕྲིན་ལས་ཉི་ཟླ་འབར་བ་ཞིག།
གངས་རིའི་རྩེ་མོར་མཆོང་བར་རྩོམ།། 
རྒྱལ་བ་རྒྱལ་བྱེད་ཚལ་དུ་གཤེགས་པ་བཞིན།།
ཆོས་ཀྱི་ཉི་མའི་ཆོས་སྲིད་ཁྲི་འཕང་ལ།།
ཡོན་ཏན་ཏིལ་གྱི་གང་བུ་ལྟར་གྱུར་པ།།
མཚན་དཔེས་བརྒྱན་པའི་མཆོག་སྤྲུལ་གཞོན་ནུ་འགྱིངས།།
འཇིགས་མེད་འཕྲིན་ལས་ཆོས་ཀྱི་རྒྱ་མཚོ་ཆེར།།
བསླབ་ཚིག་སྔ་མ་ཤྲ་མ་ནེ་རའི་སྡོམ།།
ངེས་པ་ལྔ་བྲལ་ཉེས་མེད་ཕུན་ཚོགས་སུ།།
བཞེས་ཏེ་རྣམ་བྱང་ཞི་བའི་ལམ་དུ་ཞུགས།།
རྨོངས་མུན་ཐོས་པའི་སྒྲོན་མེས་མ་སྦྱངས་ན།།
བླང་དང་དོར་བྱའི་དེ་ཉིད་མི་མཐོང་བས།།
མཚན་ཉིད་བཅུ་ལྡན་བཤེས་གཉེན་དུ་མ་ལས།།
མདོ་རྒྱུད་སྦྲང་རྩིའི་དགའ་སྟོན་ཚད་མེད་བཞེས།།
གང་ཤར་དག་པའི་རོལ་བར་འཆར་བ་ཡི།།
གཟིགས་མོར་སྔོན་ནས་གོམས་པའི་བག་ཆགས་ཀྱིས།།
སྣང་གྲག་རིག་གསུམ་བདེ་སྟོང་རྣམ་རོལ་ཏུ།།
ཤར་བའི་ངང་ལ་ཉིན་དང་མཚན་དུ་འབྱམས།།
འདྲེན་པ་ཁྱོད་དང་གཟི་བརྗིད་རྒྱལ་བོའི་དབང་།།
གཉིས་མེད་གཉིས་སུ་སྣང་ཞིང་ཤར་བ་དང་།།
གཅིག་ཀྱང་དུ་མར་སྟོན་པའི་སྒྱུ་འཕྲུལ་ནི།།
སྒྱུ་མ་ལས་ཀྱང་སྒྱུ་མའི་ཆོ་འཕྲུལ་ཉིད།།
དགུང་གྲངས་རྒྱལ་སྲིད་གྲངས་སུ་སླེབས་པའི་དུས།།
མ་འོངས་དོན་རྣམས་མངོན་གསལ་མཛུབ་ཚུགས་སུ།།
སྟོན་པའི་རྡོ་རྗེའི་བཀའ་ལུང་འགྱུར་མེད་པ།།
གསུངས་པའི་དོན་དེ་དེ་བཞིན་མངོན་དུ་གྱུར།།
ཐུབ་དབང་གངས་རི་ལས་འོངས་པའི།།
རྟེན་འབྱུང་ཟབ་མོའི་ཉལ་འགྲོའི་རྒྱུན།།
ཀླུ་སྒྲུབ་ཐུགས་མཚོར་འཁྱིལ་བ་གང་།།
ཁྱོད་ཀྱི་རྣམ་དཔྱོད་ཧུབ་ཀྱིས་བཞེས།།
ཐོས་པའི་མེ་ཏོག་གྲངས་མང་ཡང་།།
བསམ་སྒོམ་སྦྲང་རྩིའི་བཅུད་མེད་ན།།
བུང་བའི་དགའ་སྟོན་མི་འགྱུར་ཏེ།།
རི་མོར་བྲིས་པའི་མར་མེ་བཞིན།།
དེ་ཕྱིར་ཐོས་བསམ་ལྗོན་པ་ལས།།
སྒོམ་པའི་འབྲས་བུ་ཆེར་སྨིན་པའི།།
སྐུ་བཞིའི་རོ་ལ་ལོངས་སྤྱོད་པ།།
མཁས་གྲུབ་རྣམ་ཐར་ཁྱོད་ཀྱིས་བཞེས།།
དཔག་མེད་བསྐལ་པའི་སྔ་རོལ་ནས།།
སྤངས་རྟོགས་མ་ལུས་མཐར་ཕྱིན་ཀྱང་།།
གང་ལ་དེ་འཚམས་ཐབས་མཁས་ཀྱིས།།
ལམ་ལ་སློབ་པའི་བརྟུལ་ཞུགས་བསྐྱངས།།
སྐྱེ་དགུའི་རྨོངས་པའི་མུན་སེལ་བས།།
ཉིན་མོར་བྱེད་དང་མཚུངས་མོད་ཀྱང་།།
ཉི་མས་ཚ་གདུང་སྐྱེད་བྱེད་ལ།།
ཁྱོད་ཀྱིས་སྡུག་བསྔལ་ལྷག་མེད་འཇོམས།།
བསྟན་འགྲོའི་ཀུ་མུད་རྒྱས་མཛད་པས།།
མཚན་མོའི་མགོན་དང་མཚུངས་མོད་ཀྱང་།།
ཁྱོད་ཀྱི་ཡོན་ཏན་ཆ་ཤས་ནི།།
འགྲིབ་པ་ནམ་ཡང་མ་མཆིས་སོ།།
སྡིག་པའི་ནགས་ཚལ་སྲེག་པ་ལ།།
བསྐལ་པའི་མེ་དང་ཆེས་འདྲ་མོད།།
མགོན་པོ་ཁྱོད་ཀྱི་ཐུགས་རྒྱུད་ནི།།
སྙིང་རྗེའི་རླན་གྱིས་གཏོང་བ་མེད།།
དག་དང་མ་དག་འཇིག་རྟེན་ན།།
ཁྱོད་དང་འདྲ་བ་ཡེ་མེད་པས།།
ཨེ་མ་སྐྱབས་མགོན་ཁྱོད་ཉིད་ཀྱི།།
དཔེ་ལ་རང་ལས་གཞན་མ་དམིགས།།
ཕྱོགས་བཅུའི་རྒྱལ་བ་མ་ལུས་པ།།
ཡབ་རྗེ་ཁྱོད་ཀྱི་སྤྲུལ་བ་སྟེ།།
ཁྱོད་ཀྱང་རྒྱལ་བ་མ་ལུས་པའི།།
རྣམ་འཕྲུལ་ཁོ་ནར་བདག་གིས་འཁུམས།།
ཉི་ཟླ་བྱེ་བའི་སྒྲོན་ཐོགས་ཏེ།།
སྲིད་ཞིའི་དབྱིངས་སུ་བཙལ་ན་ཡང་།།
རྙེད་དཀའི་བསམ་འཕེལ་ནོར་བུ་ནི།།
མགོན་ཁྱོད་ཁོ་ན་ལས་གཞན་མེད།།
དངོས་ཀྱི་གདུལ་བྱ་རྫོགས་པ་ན།།
བདེ་ཆེན་ཆོས་ཀྱི་ཕོ་བྲང་དུ།།
ཆེད་དུ་བྱོན་ནས་གློ་བུར་དུ།།
མཁའ་སྤྱོད་རྡོ་རྗེའི་ཞིང་དུ་གཤེགས།།
འོན་ཀྱང་རྡུལ་བྲལ་ཡེ་ཤེས་སྤྱན།།
དྲི་མ་མེད་པས་ཉེར་གཟིགས་ཏེ།།
བརྩེ་ཆེན་དོན་ཡོད་ཞགས་པ་ཡིས།།
ནམ་ཡང་མི་གཏོང་ཆོས་ཉིད་དོ།།
བསམ་མི་ཁྱབ་ལ་དད་བྱས་པའི།།
རྣམ་སྨིན་བསམ་གྱིས་མི་ཁྱབ་པས།།
བདེ་ལྡན་ཞིང་མགོན་ཁྱོད་ཉིད་ལ།།
དད་ཅིང་གུས་པས་འདི་ལྟར་བྲིས།།
སྙིང་ལ་རྨོངས་པའི་མུན་པ་ནག།
ལྕེ་ལ་ལོག་སྨྲའི་གཏེར་བརྒྱ་བརྡོལ།།
སྐལ་ཆད་དག་ལ་སུ་ཞིག་སེམས།།
དད་ལྡན་དགའ་བ་སྐྱེ་བར་ངེས།།
དུག་ལྔ་སྤུངས་པའི་ལྷུན་པོ་ལ།།
སངས་རྒྱས་སྟོང་གི་མཐུ་རྡུགས་པས།།
བཞད་གད་སྙིང་རྗེའི་ཡུལ་ལས་ཅི།།
ཁྱེད་ཅག་ཅི་དགར་བྱ་བའི་རིགས།།
ཚེ་རབས་ཀུན་ཏུ་དགེ་བའི་བཤེས།།
འཇམ་དབྱངས་ལྟ་བུས་རྗེས་བཟུང་སྟེ།།
ཟབ་རྒྱས་དེ་ཉིད་འབྱེད་པ་ལ།།
ཟླ་བྲལ་ཤེས་རབ་ཐོབ་པར་ཤོག།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།