བློ་བཟང་ཐུབ་བསྟན་མེ་ཏོག་ཚལ་ནི་རང་ཡངས་པར།།
དམ་པའི་ཆོས་ཀྱི་ཉི་མའི་དཔལ་ནི་ལེགས་བྱིན་ཅིང་།།
ཕྱོགས་ཀྱི་ཐ་གྲུ་ཡངས་པར་དགེ་ལེགས་འོད་སྟོང་གིས།།
རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེང་བས་ཁྱོད་ལ་སྲུངས།།
ཡེ་ཤེས་འོད་ཀྱི་ཐུར་མས་ལྔ་རིག་པངྨོའི་ཚལ།།
ཕྱེ་ནས་ལེགས་བཤད་སྦྲང་རྩིའི་མཆོད་ཡོན་ཕྱོགས་ཀུན་ཏུ།།
འགྱེད་ཅིང་ཚུལ་ཁྲིམས་དག་པའི་གཏེར་ལ་དབང་འབྱོར་ཞིང་།།
གྲགས་པའི་མཚན་མ་ཀུན་ཏུ་གསལ་བའི་གྲོགས་དེའི་དྲུང་།།
བློ་གྲོས་གསལ་བའི་མེ་ལོང་གཅིག་གིས་ཀྱང་།།
ཤེས་བྱའི་གཟུགས་བཟང་རི་མོ་མ་ལུས་པར།།
མཛའ་བར་འཐམས་འདིས་དཔལ་ལྡན་མཁས་པའི་ཚོགས།།
དགྱེས་པ་སྐྱེད་ན་ཁྱོད་ཀྱང་འདི་ཡིས་མཆོད།།
གནའ་དུས་འཛམ་གླིང་ཆོས་ཀྱི་འཇུག་ངོགས་ནས།།
མཁས་པའི་དཔག་བསམ་འཁྲུངས་པ་གཞལ་ཡོད་མིན།།
དེང་དུས་ཡོན་ཏན་ཁོ་ལག་ཕྱོགས་རྫོགས་པའི།།
ཡོངས་འདུས་ས་བརྟོལ་ཁྱོད་འདྲ་རེ་རེ་ཙམ།།
ཨ་ཧོ་རྣམ་དཔྱོད་དཔུང་བ་གཏུམ་པོ་ཡིས།།
ལུང་རིགས་སྒྲོ་ལྡན་སྤྲོ་བའི་རཱ་མ་ཎ།།
ཁྱོད་ཀྱིས་དབུང་གཙང་རྒྱལ་སྲིད་འཛིན་པ་ན།།
ལོག་རྟོག་སྲིན་པོའི་སྙིང་རྩ་འཇའ་ལྟར་ཡལ།།
ཐུབ་པ་ཆོས་ཀྱི་ཉི་མ་དབང་ཕྱོགས་སུ།།
འཕྲིན་ལས་རྟ་བདུན་འཁོར་ལོས་རྩེན་པ་ན།།
ཁྱོད་ཀྱང་གསང་གསུམ་རིན་ཆེན་བྱེ་མའི་རྡུལ།།
འདྲེན་པའི་ཤིང་རྟ་ཆེན་པོར་ཡུད་ཀྱིས་གཤེགས།།
གང་གིས་མཛད་པའི་ས་ཆེན་ཡང་།།
འདེགས་པའི་སྙིང་སྟོབས་མ་བྲི་བས།།
སྲེད་མེད་བུ་ཡི་གྲགས་པ་ཡང་།།
ཆུ་ཐིགས་ཕྲ་མོའི་མཛའ་བོར་བསྡེབས།།
ཡོན་ཏན་འཛུམ་གྱིས་བཞིན་བཀྲུས་པའི།།
སྙིང་སྡུག་ལྷ་ཡི་གཞོན་ནུ་ཁྱོད།།
མཐོང་ན་དང་བའི་སེན་རིས་ཀྱིས།།
རྩེད་འཇོ་མི་བགྱིད་མཁས་པ་སུ།།
ཁྱོད་ཀྱི་མ་མཆུའི་སྦྲང་ཆར་དུ།།
འཁྱིལ་བའེ་ལེགས་བཤད་ལ་སྲེད་ནས།།
བློ་གསལ་བུང་བའི་མཆུ་རྣོན་གྱིས།།
འགྲམ་པའི་ངོས་དག་གཞིབ་ལ་བརྩོན།།
གྲགས་པའི་མིག་ཞགས་མིང་པོ་ཡིས།།
ཡིད་ཀྱི་རི་དྭགས་ཚོགས་བཟུང་བ།།
བདག་ནི་འདི་ནི་ཉིན་རེ་ཞིང་།།
ཡིད་ཀྱི་མཚམས་སྦྱོར་འགྲོ་འོང་རྩོམ།།
ལྔ་རིག་རྒྱན་བཟང་སྒེག་འཕྱོར་གྱིས།།
ཐུབ་པའང་དཀའ་ཐུབ་ལས་སློང་ཕྱིར།།
འགྲོ་འདི་ཁྱོད་ལ་སྲེད་གདུང་གིས།།
ཁྱོད་ཞལ་རི་དྭགས་མིག་ཅན་ཡང་།།
སྐྱོན་གྱིས་ཕྲ་བས་གདུབ་ཀོར་སྒྲ།།
གྲགས་པའི་སྲིལ་སྒྲར་མཆེད་ལ་ལྟོས།།
རྒྱུན་བཟང་ཆུ་བོ་རྣམ་པ་བཞིས།།
རྒྱ་མཚོ་ངོམས་པའི་གོ་སྐབས་བྲལ།།
དེ་བཞིན་ཐོས་པས་མི་ངོམས་པར།།
ལེགས་བཤད་འཚོལ་བའི་སྲེད་པས་གདུངས།།
བདག་བློ་གསེར་གྱི་ར་བ་ལས།།
འཁྲུངས་པའི་རྟོགས་བརྗོད་འཁྲི་ཤིང་འདི།།
དུས་ཀྱི་ས་ཡིས་ཐེག་མིན་ཡང་།།
ཁྱོད་ཀྱི་བློ་གྲོས་སོར་མོས་རྩེན།།
རྩྭ་ལྗང་ནེ་ཙོའི་འདབ་མ་ལས།།
རི་མོར་བྲིས་པའི་དྲང་སྲོང་བཞིན།།
གནས་འདོད་བདག་ནི་འདུ་འཛི་ལ།།
རི་སྐྱེས་རྒྱ་ལ་ཆུད་པ་བཞིན།།
ད་ནི་མཁས་པ་ངང་པའི་སྡེ་དཔོན་ཉིད།།
དབུས་གཙང་མ་དྲོས་རྒྱ་མཚོར་སླེབས་པ་ན།།
ལུང་རིགས་སར་བ་སར་བའི་རྫ་རྔ་ཡིས།།
ཐུབ་བསྟན་དཔྱིད་ཀྱི་དཔལ་ནི་རིང་དུ་སྐྱོངས།།
བཅུ་ཕྲག་རིག་པའི་དགའ་མ་མིག་ཡངས་མར།།
རྩེད་འཇོ་རོལ་བའི་དགའ་མགུས་མི་ངོམས་པ།།
དེ་དེར་བདེ་དང་དགའ་བ་འཕེལ་བའི་སྨན།།
འཆད་རྩོད་རྩོམ་པའི་ལག་པ་རྐྱོངས་ལ་བྱིན།།
ཁྱད་པར་རྒྱལ་མཚན་མཐོན་པོ་ཡི།།
སྡེ་བཞིའི་ཕུན་ཚོགས་ཆུ་བོ་མ།།
འདྲེན་པའི་ཡུར་བ་ཉིད་བྱས་ནས།།
ལུགས་གཉིས་ཆུ་གཏེར་གཡས་སུ་སྐྱིལ།།
རྒུད་པའི་མུན་པ་ལ་ཟ་བའི།།
བསོད་ནམས་སྣང་བའི་མུ་ཁྱུད་ནི།།
དྲངས་ན་འདི་དང་ཕ་རོལ་ཏུ།།
བདེ་བའི་ལམ་གྱིས་འཕོངས་མ་ཡིན།།
དེ་ཕྱིར་དགེ་བ་ལ་གུས་པས།།
རྟག་ཏུ་མཚན་ཡང་ཉིན་བཞིན་དུ།།
ཆོས་སྤྱོད་མེ་ཏོག་འཐུ་བ་ལ།།
མཉམ་ཟླ་བྲལ་བའི་མཐུ་སྐྱེད་ཅིག།
སྤོས་ཀྱི་གླང་བོའི་ཡ་ཐོག་ཏུ།།
རིན་ཆེན་བཀལ་བའི་ཕོ་ཉ་བརྒྱ།།
བརྫངས་ལས་ལེགས་བཤད་འཕྲིན་གྱི་སྐྱེས།།
གཅིག་ལའང་བདག་ནི་མྱོས་པ་འཛིན།།
དེ་ཚུལ་དགོངས་པའི་སྤྲིན་རུམ་ནས།།
གློག་གི་གར་ལྟ་མི་ཡལ་བར།།
རྡོ་ཡི་གླེགས་བུ་ལ་བརྐོས་པའི།།
ཡི་གེའི་གཟུགས་ཀྱིས་རྗེས་སུ་ཟུངས།།
དཔག་ཚད་ཁྲི་ཕྲག་ས་ཡིས་བསྐལ་ན་ཡང་།།
ཆུ་སྐྱེས་ཚལ་དང་པངྨའི་མཛའ་མཐུན་བཞིན།།
ཡིད་གཅུགས་རྣམ་པར་དགེ་བའི་བ་དན་དཀར།།
ཕན་ཚུན་སྒྲེང་བའི་དགའ་སྟོན་ཡལ་མི་འཚལ།།
ཞེས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལྟེ་བ་ནས་གྲལ་ཚེས་བཟང་པོ་ལ།པཎྚི་ཏའི་ལུགས་ཀྱི་ལེགས་བཤད་ཀྱི་སྐྱེས་བཟང་པོ་རྟོགས་བརྗོད་གསེར་གྱི་མེ་ཏོག་དང་བཅས་ཏེ།ལྷ་རྫས་ཀྱིས་ལྕིབས་ནས་གུས་པ་ཆེན་པོས་བཏེགས་པ་དགྱེས་བཞེས་ཞུ།།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
མཚན་ཞབས་ལྔ་རིག་དབང་པོ་ཡེ་ཤེས་ཚུལ་ཁྲིམས་ལ་ཕུལ་བ།